“མཐོང་ཚོར་གཅེས་སྐྱོང་”གཞོན་ནུ་ལོ་ཆུང་གི་མིག་ནད་སྤྱི་ཕན་རོགས་སྐྱོབ་རྣམ་གྲངས་ཟུང་ཆུ་རྫོང་དུ་དངོས་སུ་སྤེལ་འགོ་ཚུགས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
ཟུང་ཆུ་རྫོང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༡༡

སྤྱི་ཟླ་5ཚེས་10ཉིན། ཁྲེང་ཏུའུ་གྲོང་ཁྱེར་གཅེས་སྐྱོང་ལས་དོན་ཨུ་དང་ཁྲེང་ཏུའུ་གྲོང་ཁྱེར་མི་རབས་རྗེས་མར་གཅེས་སྐྱོང་ཐེབས་རྩ་ཚོགས་པ། རྔ་བ་ཁུལ་གཅེས་སྐྱོང་ཨུ། རྔ་བ་ཁུལ་མི་རབས་རྗེས་མར་གཅེས་སྐྱོང་ཐེབས་རྩ་ཚོགས་པ། ཁྲེང་ཏུའུ་ཨའེ་ཏི་མིག་ནད་སྨན་ཁང་བཅས་ཀྱི་ཐུན་མོང་གི་འབད་པར་བརྟེན་ནས“མཐོང་ཚོར་གཅེས་སྐྱོང་”གཞོན་ནུ་ལོ་ཆུང་གི་མིག་ནད་སྤྱི་ཕན་རོགས་སྐྱོབ་རྣམ་གྲངས་ཟུང་ཆུ་རྫོང་དུ་དངོས་སུ་སྤེལ་འགོ་ཚུགས།

ཟུང་ཆུ་རྫོང་ནི་མཐོ་སྒང་གི་ས་ཆར་ཆགས་པ་དང་སྨན་བཅོས་ཀྱི་ཐོན་ཁུངས་ནང་ས་དང་བསྡུར་ན་དཀོན་པོ་ཡོད་པས། མིག་ནད་བརྟག་དཔྱད་དང་དེ་འབྲེལ་གྱི་སྨན་བཅོས་ཞབས་ཞུས་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱིན་མེད་པ་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་ནས་ཡིན་པའི་མིག་ནད་ཅན་གྱི་གཞོན་ནུ་ལོ་ཆུང་དག་གི་མིག་ནད་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་ཅུང་དཀའ་བར་གྱུར་ཡོད། འོན་ཀྱང་ད་ཐེངས་ཀྱི་རྣམ་གྲངས་དེ་ས་གནས་རང་གི་བྱིས་པའི་མིག་ནུས་ཞན་པ་དང་གཟི་ལྟ་སོགས་རྒྱུན་མཐོང་གི་མིག་ནད་ལ་ཆེད་དུ་དམིགས་ནས“སྔར་ནས་བཀྲབ་བརྟག་དང་། སྔར་ནས་བརྟག་གཅོད། སྔར་ནས་ཐེ་གཏོགས”བྱེད་པའི་གནད་ཐིངས་ཀྱི་རྣམ་པ་སྤྱད་ནས་སྨན་བཅོས་ཀྱི་བྱ་བ་སྤེལ།

བྱེད་སྒོའི་ཉིན་དེར། ཁྲེང་ཏུའུ་ཨའེ་ཏི་མིག་ནད་སྨན་ཁང་གི་སྨན་བཅོས་ཚོགས་པས་ཟུང་ཆུ་སློབ་འབྲིང་དུ་སློབ་མ་30ལྷག་ལ་མིག་གི་བདེ་ཐང་ལ་བཀྲབ་བརྟག་བྱས། བཤའ་བཅོས་ཀྱི་རྟགས་མཚན་དང་མཐུན་པར་མ་ཟད། དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མར་དང་པོ་བཤའ་བཅོས་མ་བྱས་གོང་གི་བརྟག་དཔྱད་ནས་བཤའ་བཅོས་བྱས་རྗེས་ཀྱི་བདེ་སོས་བར་གྱི་བརྒྱུད་རིམ་ཆ་ཚང་ལ་སྨན་བཅོས་ཀྱི་རོགས་སྐྱོབ་མཁོ་འདོན་བྱས།

ད་ཐེངས་ཀྱི་སྤྱི་ཕན་བྱེད་སྒོ་དེ་གཅེས་སྐྱོང་ལས་དོན་ཨུ་ཡི་ཁོངས་གཏོགས་དང་མིག་ནད་སྨན་ཁང་གི་ཐོན་ཁུངས་བསྡུ་སྒྲིལ་བྱས་པ་ཞིག་སྟེ། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་གཅེས་སྐྱོང་ལས་དོན་ཨུ་དང་དེ་བཞིན་ཐེབས་རྩ་ཚོགས་པས་གཅིག་གྱུར་འཆར་འགོད་ཀྱི་འགན་འཁུར་བ་དང་ཁྲེང་ཏུའུ་ཨའེ་ཏི་མིག་ཚན་སྨན་ཁང་གིས་བྱིས་པའི་མིག་ཚན་ཆེད་མཁས་པ་མངགས་ནས་བཀྲབ་བརྟག་དང་བཤའ་བཅོས་ཀྱི་འགན་བླངས་ནས་སྨན་བཅོས་ཀྱི་སྤུས་ཀར་ཁག་ཐེག་བྱས། དེ་དང་ཆབས་ཅིག་ཏུ་རྣམ་གྲངས་སུ་མིག་སྤྱོད་འཕྲོད་བསྟེན་སྐོར་གྱི་ཤེས་བྱ་ཁྱབ་གདལ་དུ་གཏོང་བའི་དྲིལ་བསྒྲགས་དུས་གཅིག་ཏུ་སྤེལ་ཏེ། མཐོ་སྒང་ས་ཁུལ་གྱི་དགེ་སློབ་དག་དང་ཁྱིམ་བདག་རྣམས་ཀྱི་མིག་གི་བདེ་ཐང་བསྲུང་བའི་འདུ་ཤེས་ཇེ་ཟབ་ཏུ་བཏང་།

ད་ཐེངས་ཀྱི་བྱེད་སྒོ་དེས་ཟུང་ཆུ་རྫོང་གི་དཀའ་ངལ་ཡོད་པའི་སློབ་མར་ཐད་ཀར་རོགས་སྐྱོབ་བྱས་པ་དང་འབྲེལ“བཀྲབ་བརྟག་དང་། སྨན་བཅོས། རོགས་སྐྱོབ། བདེ་སོས”བཅས་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པར་བསྐུལ་ཏེ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྔར་བས་མང་པོས་བྱིས་པའི་མིག་ནད་སྔོན་འགོག་དང་སྨན་བཅོས་ལ་དོ་ཁུར་བྱེད་པར་སྐུལ་མ་ཐེབས་པ་དང་ཟུང་ཆུ་རྫོང་གི་བྱིས་པའི་མིག་ལ་འགན་སྲུང་བྱེད་པའི་མ་ལག་འཐུས་ཇེ་ཚང་དུ་གཏོང་བར་ཡང་རོགས་འདེགས་བྱས།

མ་འོངས་པར། ཟུང་ཆུ་རྫོང་གིས་མུ་མཐུད་དུ་རོགས་སྐྱོབ་ཀྱི་ཕན་འབྲས་ལ་བརྟེན་ནས་མཐོ་སྒང་ས་ཆའི་མིག་ནད་ཕོག་པའི་བྱིས་པ་སྔར་བས་མང་པོར“མཐོང་ཚོར”གསལ་ཞིང་དྭངས་པ་སླར་ཡང་ཐོབ་པར་བྱས་ནས་སློབ་སྦྱོང་དང་འཚོ་བར་སྤྲོ་སེམས་འཁོར་བར་བྱ་རྒྱུ་རེད་དོ། །