ཨ་རིས་UFOསྐོར་གྱི་ཡིག་ཆ་ཁག་གཅིག་ཁྱབ་བསྒྲགས་བྱས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། རིན་ཆེན་འཚོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༡༡

ཨ་རིའི་རྒྱལ་སྲུང་པུས་ཟླ་5ཚེས་8ཉིན་ནས་བཟུང་“སྐར་མའི་གོ་ལ་གཞན་གྱི་མི་དང་། སའི་གོ་ལའི་ཕྱི་རོལ་དུ་གནས་པའི་ཚེ་སྲོག གང་ཡིན་མི་ཤེས་པའི་བར་སྣང་གི་གནས་ཚུལ་དང་གང་ཡིན་མི་ཤེས་པའི་འཕུར་སྐྱོད་དངོས་པོ་(UFO)བཅས་དང་འབྲེལ་བ་ཡོད་”ཅེས་ཟེར་བའི་སྲིད་གཞུང་གི་ཡིག་ཆ་ཁག་དང་པོ་ཁྱབ་བསྒྲགས་བྱས་པ་རེད།

ཁྱབ་བསྒྲགས་བྱས་པའི་ནང་དོན་ནས་བལྟས་ན། ཁག་དང་པོའི་ཡིག་ཆའི་ནང་གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བྲིས་པའི་ཟིན་བྲིས་སོགས་ཡིག་ཐོག་གི་དཔྱད་གཞི་དང་། ཨ་པོ་ལུའོ་ཨང་12པ་དང། ཨ་པོ་ལུའོ་ཨང་17རྟགས་ཅན་གྱི་འཇིག་རྟེན་འཕུར་གྲུས་ལས་འགན་སྒྲུབ་སྐབས་བླངས་པའི་འདྲ་པར། དེ་བཞིན་བརྙན་མཐོང་དུམ་བུ་ཁག་མང་པོ་སོགས་ཁྱོན་ཡིག་ཆ་160ལྷག་ཙམ་ཚུད་ཡོད་པ་རེད། ཨ་རིའི་རྒྱལ་སྲུང་པུས། ད་ཐེངས་ཡོངས་བསྒྲགས་བྱས་པའི་ཡིག་ཆ་དེ་དག་ནི་“གསར་རྐྱང་དང་། སྔར་ཁྱབ་བསྒྲགས་བྱས་མྱོང་མེད་པ་”ཤ་སྟག་ཡིན་ཞིང་། དེ་དག་ནི་“ད་དུང་ཆོད་སྡོམ་བརྒྱབ་མེད་པའི་དོན་དག” རེད་ཅེས་བརྗོད་མོད། འོན་ཀྱང་ཨ་རིའི་སྤྱི་འབྲེལ་སྟེགས་བུའི་ཐོག དྲ་གྲོགས་ཁག་གཅིག་གིས་དེའི་ནང་གི་བརྙན་མཐོང་ཁག་གཅིག་ནི་དེའི་གོང་ནས་འགྲེལ་བཤད་བརྒྱབ་ཟིན་པ་འདི་འདྲ་རེད་འདུག་ཅེས་བཤད་པ་མ་ཟད། ད་ལྟའི་དུས་ལ་ཡིག་ཆ་དེ་དག་ཡོངས་བསྒྲགས་བྱས་པ་དེ་ནི་ཐུག་ལྷག་གྲང་མོ་ཚ་པོ་བཟོས་པ་ལྟ་བུ་ཞིག་རེད་ཅེས་ཟུར་ཟ་བྱས་འདུག

ཨ་རིའི་རྒྱལ་སྲུང་པུས། སྲིད་གཞུང་གིས་མིག་སྔར་སྣང་ཚུལ་དེ་དག་ཡང་སྙིང་གང་ཡིན་མིན་ཐད་ད་དུང་གཏན་འཁེལ་བྱེད་ཐབས་བྲལ་ཡོད། དེའི་རྒྱུ་མཚན་ནི་འབྲེལ་ཡོད་གྲངས་གཞི་དང་དཔྱད་གཞིའི་ཡིག་རིགས་འདང་གི་མེད་པས་རེད། དེར་བརྟེན། སྒེར་གཉེར་ཁེ་ལས་དང་དམངས་ཁྲོད་ཀྱིས་དབྱེ་ཞིབ་ནུས་པ་དང་། ཆ་འཕྲིན་ཐོན་ཁུངས། ཆེད་ལས་ཤེས་བྱ་བཅས་བེད་སྤྱད་དེ། དེ་དག་ལ་ཞིབ་འཇུག་བྱེད་རོགས་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་ཡིག་ཆ་ཁྱབ་བསྒྲགས་བྱེད་པའི་ལས་དོན་དེ་ཨ་རིའི་རྒྱལ་སྲུང་པུའུ་ལས་གཞན་ད་དུང་ཕོ་བྲང་དཀར་པོ་དང་། ཨ་རིའི་རྒྱལ་ཁབ་གསང་འཕྲིན་སྤྱི་ཁྱབ་ལྟ་སྐུལ་གཞུང་ལས་ཁང་། ཨ་རིའི་ནུས་ཁུངས་པུའུ། ཨ་རིའི་རྒྱལ་ཁབ་མཁའ་འགྲུལ་མཁའ་སྐྱོད་ཅུས་དང་དེ་བཞིན་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་བཅས་དང་འབྲེལ་བ་ཡོད། ཨ་རིའི་རྒྱལ་སྲུང་པུའུ་ཡིས་མ་འོངས་པར་ད་དུང་འབྲེལ་ཡོད་ཡིག་ཆ་དེ་བས་མང་བ་ཁག་བགོས་ནས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཡི་གེ་སྤེལ་ནས། ད་ཐེངས་ཡོངས་བསྒྲགས་བྱས་པའི་ཡིག་ཆ་གསར་པ་དང་བརྙན་ལམ་བརྒྱུད། མི་རྣམས་ཀྱིས་དོན་དངོས་སུ་ཅི་ཞིག་བྱུང་མིན་རང་ཉིད་ནས་བརྡར་ཤ་གཅོད་ཐུབ་ཅེས་བརྗོད་འདུག