སི་ཁྲོན་ཞིང་ཆེན་ཚན་རྩལ་ཐིང་གི“འཕྲོད་བསྟེན་བདེ་ཐང་འགན་སྲུང་མཐོ་སྒང་བྱིས་པའི་འགྲུལ་བཞུད”རྣམ་གྲངས་ཚོགས་པས་མཛོད་དགེ་བོད་ཡིག་སློབ་འབྲིང་དུ་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་པའི་སེམས་ཁམས་སྙོམ་སྒྲིག་གི་བྱེད་སྒོ་རབ་དང་རིམ་པ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༩

ཉེ་ཆར། སི་ཁྲོན་ཞིང་ཆེན་ཚན་རྩལ་ཐིང་གི་ཚན་སྒྲོག་རྣམ་གྲངས《འཕྲོད་བསྟེན་བདེ་ཐང་འགན་སྲུང་མཐོ་སྒང་བྱིས་པའི་འགྲུལ་བཞུད》ལ་བརྟེན་ནས་ནེ་ཅང་དགེ་འོས་སློབ་གླིང་གི་དགེ་རྒན་རྣམས་མཛོད་དགེ་རྫོང་བོད་ཡིག་སློབ་འབྲིང་དུ་བསྐྱོད་དེ་འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་དགོས་པའི་སློབ་མར་སེམས་ཁམས་སྙོམ་སྒྲིག་གི་འཆད་ཁྲིད་གནང་། བྱེད་སྒོ་དེར་རྔ་བ་ཁུལ་བོད་སྨན་ཁང་གཉིས་པ་དང་ནེ་ཅང་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་གིས་རྒྱབ་སྐྱོར་བྱས།

བྱེད་སྒོའི་ཁྲོད་མཐོ་འབྲིང་ལོ་རིམ་གསུམ་པའི་སློབ་མར་དམིགས་ནས“མཐོ་སྒང་ནས་ཕུགས་འདུན་དོན་ལ་གཉེར”ཞེས་པའི་ཆེད་དོན་ཟུར་ཁྲིད་བྱས། དེ་མིན་ལུས་སྦྱོང་རོལ་རྩེད་དང་ལྷོད་གཡེང་གི་ཁོར་ཡུག་མཁོ་འདོན་བྱས་ནས་སློབ་མའི་རྒྱུགས་སྤྲོད་ཀྱི་གནོན་ཤུགས་ཇེ་ཆུང་དུ་བཏང་། སློབ་མ་རྣམས་ལ་སྤྲོ་སྣང་འཕེལ་བའི་ཁོར་ཡུག་ཁྲོད་སེམས་ཁམས་སྙོམ་སྒྲིག་བྱེད་དུ་བཅུག

དམའ་འབྲིང་ལོ་རིམ་གསུམ་པའི་སློབ་མའི་དགོས་མཁོར་དམིགས་ནས་དགེ་རྒན་རྣམས་ཀྱིས་འབྲིང་རྒྱུགས་སྤྲོད་པའི་སེམས་ཁམས་སྙོམ་སྒྲིག་གི་ཆེད་དོན་འཆད་ཁྲིད་བཀོད་སྒྲིག་བྱས། “ངའི་གཟུགས་པོའི་སེམས་ཁམས་ས་བཀྲ”དང“དབུགས་ལྒང་དང་ལྕགས་ལྒང”སོགས་ཉམས་ལེན་སློབ་ཚན་ཇུས་འགོད་བྱས་པར་མ་ཟད། ཡུལ་དངོས་ནས་རང་སེམས་ལྷོད་ལ་འབབ་པའི་ཐབས་རྩལ་ཁྲིད་ནས་སློབ་མར་ཚན་རིག་དང་མཐུན་པའི་སྒོ་ནས་བློ་སེམས་བདེ་ལ་འགོད་པར་འདེགས་སྐྱོར་བྱས།

བྱེད་སྒོ་དེ་སློབ་མ་ཡོངས་ཀྱིས“ཡིད་ཆེས་དང་སྤོབས་སེམས་ཆེན་པོས་འབྲིང་རྒྱུགས་དང་མཐོ་རྒྱུགས་བསུ”ཞེས་བསྒྲགས་པ་དང་བསྟུན་ནས་བདེ་བླག་ངང་མཇུག་སྒྲིལ་བ་དང་། འཆད་ཁྲིད་དེས་མཐོ་སྒང་ས་ཁུལ་གྱི་སློབ་མའི་ཡིག་རྒྱུགས་མ་སྤྲད་གོང་གི་གནོན་ཤུགས་ཇེ་ཆུང་དུ་བཏང་བར་མ་ཟད། ས་གནས་ཀྱི་གཞོན་ནུ་ལོ་ཆུང་གི་སེམས་ཁམས་བདེ་ཐང་སློབ་གསོའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་དགེ་སློབ་ཀུན་གྱིས་གདེང་འཇོག་ལེགས་པོ་གནང་།