ཧུང་ཡོན་རྫོང་གི་འབྲི་འོ་ཉོ་སྒྲུབ་ཕྱོགས་ཡོངས་ནས་འགོ་བརྩམས།

ཉེ་ཆར། ཧུང་ཡོན་རྫོང་ཨ་མཆོག་གྲོང་རྡལ་དང་ལུང་ཟི་གྲོང་རྡལ། ཁྱུང་མཆུ་གྲོང་རྡལ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་ཧུང་ཡོན·ནུབ་རྒྱུད་ནོར་གནག་ཐོན་ལས་ཚོགས་ཁག་གི་2026ལོའི་གཞི་ཁྱོན་ཆེ་བའི་འོ་མ་ཉོ་སྒྲུབ་བྱེད་འགོ་ཚུགས་པའི་ཚོགས་ཆེན་འཚོགས། མགོ་ཚུགས་ཚོགས་ཆེན་ཐོག ཚོགས་ཁག་གིས་ལོ་འཁོར་གྱི་འོ་མ་ཉོ་སྒྲུབ་ཀྱི་ལས་དོན་བཀོད་སྒྲིག་ཞིབ་ཕྲ་བྱས་ཤིང་། བརྒྱུད་རིམ་ཚད་ལྡན་དང་ཞབས་ཞུའི་འགན་ལེན་བྱ་ཐབས་ཁ་གསལ་བཟོས་ནས་འོ་མ་ཉོ་སྒྲུབ་ཀྱི་ལས་དོན་ཚད་ལྡན་དང་གོ་རིམ་ལྡན་པ། སྤུས་ཚད་མཐོ་བའི་ངང་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱས། མིག་སྔའི་བར་ཚོགས་ཁག་གིས་ཧུང་ཡོན་གྱི་ཡུལ་ཚོ་དང་གྲོང་རྡལ་མང་པོར་ཚོགས་ཆེན་ཐེངས་8བསྟུད་མར་འཚོགས་ཤིང་། བསྡོམས་པས་འབྲོག་པ་ཁྱིམ་ཚང་2000ཙམ་ཚོགས་འདུར་ཧུར་ཐག་གིས་ཞུགས་ཡོད་པ་རེད།

ད་ལོ་ནི་ཧུང་ཡོན་གྱི་འབྲི་འོ་བཟོ་གྲྭ་བཙུགས་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ལ། ལོ་ངོ་70ཡི་རིང་ཚོགས་ཁག་གིས་ཐོག་མཐའ་བར་གསུམ་དུ་འབྲོག་པར་སེམས་ཁུར་བྱས་ཏེ་འོ་མ་ཉོ་སྒྲུབ་ཀྱི་རིན་གོང་ཐེངས་མང་འཕར་བ་དང་འོ་མའི་འབྱུང་ཁུངས་མ་ལག་ཀྱང་རིམ་སྤོར་བྱས། 2026ལོར་ཚོགས་ཁག་གིས་དགུན་དུས་དང་དབྱར་དུས་ཀྱི་འོ་མ་ཉོ་སྒྲུབ་ཀྱི་རིན་གོང་སླར་ཡང་མཐོ་རུ་བཏང་ནས“ཁྲོམ་རའི་རིན་གོང་དང་སྲུང་སྐྱོང་རིན་གོང་གི་མཐོ་ཤོས་ལྟར་ཉོ་རྒྱུའི”ཁས་ལེན་ལག་བསྟར་ནན་པོ་བྱ་རྒྱུ་རེད།

རྗེས་ཕྱོགས་སུ། འོ་མ་ཉོ་སྒྲུབ་ཀྱི་ལས་དོན་དེ་རིམ་བཞིན་རྨེ་བ་ཡུལ་ཚོ་དང་སྦྲ་ཆེན་གྲོང་རྡལ་སོགས་སུ་སྤེལ་ནས་མཐར་ཧུང་ཡོན་རྫོང་གི་ལྟེ་བའི་འབྲོག་ཁུལ་ཚང་མར་ཁྱབ་རྒྱུ་རེད། སྣེ་འདྲེན་ཚོགས་ཁག་གི་སྣེ་ཁྲིད་འོག་འོ་མ་ཉོ་སྒྲུབ་ཀྱི“མཐའ་མའི་སྤྱི་ལེ་གཅིག”དེ་འབྲོག་པའི་ཡོང་འབབ་འཕར་བའི“ཆེས་མཛེས་སྡུག་ལྡན་པའི་སྤྱི་ལེ་གཅིག”ཏུ་གྱུར་ནས་ཧུང་ཡོན་རྫོང་གི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་དང་འབྲོག་ཁུལ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་ལ་སྒུལ་ཤུགས་ཆེན་པོ་བསྣན་ཐུབ་པར་ཡིད་ཆེས་ཀྱིས་ཁེངས་ཡོད་དོ།།
