བྱམས་མེ་གྲོང་རྡལ་གྱི“སྡེBA”གཟེབ་གྲུག་འགྲན་བསྡུར་སྤེལ་འགོ་ཚུགས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༧

དམངས་ཡོངས་ལུས་སྦྱོང་ལ་འཇུག་པའི་འདུ་ཤེས་ཁོངས་ཡོངས་སུ་ཁྱབ་གདལ་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མཐུན་སྒྲིལ་རོགས་འདེགས་དང་སྔོན་ཐོན་བརྩོན་ལེན། འཆམ་མཐུན་རོགས་རེས་ཀྱི་དར་སྲོལ་བཟང་པོ་ཕྱོགས་དང་ཕྱོགས་སུ་སྤེལ་ནས། མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བཞིན་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཉེ་ཆར་བྱམས་མེ་གྲོང་རྡལ་གྱིས་རབ་མཛེས་གྲོང་སྡེའི“སྡེBA”གཟེབ་གྲུག་འགྲན་ཚོགས་གྲོང་རྡལ་གྱི་ལུས་རྩལ་ཁང་དུ་སྤེལ་བ་དང་། གྲོང་རྡལ་ཡོངས་ཀྱི་སྡེ་པ་སོ་སོའི་མང་ཚོགས་འཐུས་ཚབ་པས་ཚོ་ཆུང་ལྟར་འགྲན་བསྡུར་ལ་ཞུགས། གྲུག་རྩལ་ངོམ་པ་དང་སྤྲོ་སྣང་འཕེལ་བའི་གྲོང་གསེབ་ཀྱི་གཟེབ་གྲུག་གི་གསོལ་སྟོན་བཤམས།

འགྲན་བསྡུར་དེ་དུས་ཡུན་ཉིན་གཉིས་ལ་སྤེལ་བ་དང་། རོང་འབྲོག་ས་ཁུལ་གྱི་ཁྱད་ཆོས་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་འཚམ་པ་སྟེ། ཆེད་ལས་ཀྱི་གཟེབ་གྲུག་འགྲན་བསྡུར་དང་མི་མཐུན་པར། ས་གནས་ཀྱི་ཁྱད་ཆོས་ལྡན་ལ་སྤྲོ་སྣང་འཕེལ་བ། མཐུན་སྒྲིལ་རོགས་རེས་བྱས་ནས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་རྩལ་འགྲན་ཡིན་ལ། ཁྱིམ་མཚེས་ཀྱི་བརྩེ་བ་ཟབ་ལ་རྩྭ་ཐང་གི་ཉམས་འགྱུར་ལེགས་པར་མངོན་པས། གྲོང་གསེབ་ཀྱི་གཟེབ་གྲུག་འགྲན་བསྡུར་དེར་ལྟད་མོ་བས་དགའ་བསུ་ཐོབ། འགོ་ཚུགས་མཛད་སྒོ་རུ་འཁྲུག་ཆ་དོད། འགྲན་ཞུགས་རུ་ཁག་སོ་སོའི་འགྲན་ཞུགས་པས་རང་ནུས་ཅི་ལྕོགས་ཀྱིས་སྤྲོ་བའི་འཕེལ་བའི་རྩལ་འགྲན་ལ་ཞུགས་པ་དང་། ལྟད་མོ་བ་རྣམས་ཀྱིས་འགྲན་བསྡུས་ལ་ལྟ་བཞིན་དགའ་འབོད་བྱས། བྱམས་མེ་གྲོང་རྡལ་གྱི་དུས་རབས་གསར་པའི་རོང་འབྲོག་མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་དང་རབ་མཛེས་གྲོང་སྡེའི་རྣམ་པ་ལེགས་པར་མངོན།

འགྲན་བསྡུར་དེ་ཚད་ལྡན་དང་བདེ་འཇགས་ལ་འགན་སྲུང་ཡོད་པའི་སྒོ་ནས་སྤེལ་བ་དང་། གྲོང་རྡལ་ཡོངས་ཀྱི་ལས་དོན་མི་སྣས་ལས་བགོས་ལྟར་མཐུན་སྦྱོར་གང་ལེགས་བྱས་ཏེ་འགྲན་རའི་སྒྲིག་ལམ་ལ་དོ་དམ་དང་འགྲན་བསྡུར་སྒྲིག་འཛུགས་ཡག་པོ་བྱས། དེ་མིན་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་ལ་འགན་ལེན་བྱས་ཏེ་བདེ་འཇགས་ཀྱི་གནོད་རྐྱེན་སེལ་བ་དང་སྨན་བཅོས་མཁོ་བསྟུན་འགོག་སྲུང་སོགས་འགན་ལེན་ལས་དོན་ཁག་ཡག་པོ་བསྒྲུབས། ཉིན་གཉིས་རིང་གི་འགྲན་བསྡུར་བདེ་བླག་ཡོང་བར་འགན་སྲུང་བྱས་ནས། དྲང་བཞག་དྲང་བདེན་དང་ཡ་རབས་ཚུལ་དང་མཚུན་པའི་འགྲན་བསྡུར་གྱི་ཁོར་ཡུག་བསྐྲུན།

གཟེབ་གྲུག་ཆུང་ཆུང་དེར་ཕ་ས་ཕ་ཡུལ་གྱི་བརྩེ་ཞེན་འདུས་ཡོད་ལ་འགྲན་བསྡུར་དེ་རུ་ཡུལ་ཕྱོགས་ཀྱི་མཛའ་བརྩེ་མངོན་ཡོད། ཐེངས་འདིའི“སྡེBA”འགྲན་བསྡུར་གྱིས་རྒྱ་ཆེའི་མང་ཚོགས་ལ་ལུས་རྩལ་གྱི་སྤྲོ་བ་འཕེལ་དུ་བཅུག་ནས་གཟེབ་གྲུག་བརྒྱུད་གྲོགས་ཀྱི་མཛའ་བརྩེ་མངོན། མང་ཚོགས་ཀྱི་ལུས་སྟོབས་ལ་སྦྱོང་བརྡར་བྱས་ཏེ་ལུས་སེམས་བདེ་ལ་འགོད་ཐུབ་པར་མ་ཟད། ཡུལ་ཕྱོགས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ནས་མང་ཚོགས་དང་ལས་བྱེད་ཀྱི་འབྲེལ་བ་ཇེ་ལེགས་སུ་བཏང་། མི་རིགས་མཐུན་སྒྲིལ་གྱི་སྦྲེལ་ཐག་སྔར་བས་བརྟན་དུ་བཏང་སྟེ་ཡ་རབས་ཚུལ་མཐུན་གྱི་སྙིང་དོན་ལེགས་པར་བསྒྲགས།