ཟུང་ཆུ་རྫོང་དམུ་དགེ་གྲོང་རྡལ་སོག་པོ་གྲོང་ཚོས“ལྔ་གཅིག”སྐབས་རིག་རྩལ་བྱེད་སྒོ་སྤེལ།

ཡོང་ཁུངས། ཟུང་ཆུ་རྫོང་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས།
གསར་འགོད་པ། ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༥ ཚེས་ ༧

ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་དགའ་སྟོན་ཞུ་བ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ། གྲོང་མི་དག་གི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། ཉེ་ཆར་ཟུང་ཆུ་རྫོང་དམུ་དགེ་གྲོང་རྡལ་སོག་པོ་གྲོང་ཚོས“གསར་བརྗེའི་དཔལ་འབར་འཛིན། མཛེས་པའི་སོག་པོ་གཡང་སྡེ”ཞེས་པ་བརྗོད་དོན་གཙོ་བོར་བཟུང་བའི་རིག་རྩལ་བྱེད་སྒོ་སྤེལ། རྣམ་མང་ཕུན་སུམ་ཚོགས་པའི་བྱེད་སྒོར་བརྟེན་ནས་མི་སེམས་ལ་དྲོད་ཁོལ་བྱིན་པར་མ་ཟད་དམངས་སེམས་གཅིག་ཏུ་བསྡུས། བྱེད་སྒོ་དེས་སོག་པོ་གྲོང་ཚོ་གྲོང་གསེབ་དར་རྒྱས་ཀྱི་ལམ་དུ་ཞུགས་པའི་རྣམ་པ་གསར་པ་ངོམ་པ་དང་གྲོང་མི་དག་གི་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པའང་མངོན་པར་བྱས།

བྱེད་སྒོའི་ཡུལ་དངོས་སུ་འཁྲུག་ཆ་དོད་ཅིང་སྤྲོ་སེམས་རབ་ཏུ་འཁོལ། སྔ་ཕྱིར་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་བའི་གནས་ཚུལ་བསྒྲགས་པ་དང་། གྲོང་མི་ཡོངས་ལ་ཐོན་ལས་འཕེལ་རྒྱས་ལ་བརྟེན་པའི་གྲུབ་འབྲས་བགོས་རོལ་བྱས་ཏེ། ཚང་མ་གྲོང་ཚོ་རིམ་པའི་འཕེལ་རྒྱས་དང་ཐུན་མོང་གིས་ཁྱིམ་གཞིས་བསྐྲུན་པའི་བྱ་བར་ཞུགས་པའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་སོ།།

གྲོང་ཚོ་དེས་རྒན་རྒོན་ལོ་70ཡན་ལ་ཐོན་པ་དག་ལ་ཆེད་དུ་འཚམ་རྟགས་ཀྱི་དངོས་པོ་བྱིན་ཏེ། རྒན་རྒོན་རྣམས་ལ་སེམས་ཁུར་བྱེད་པའི་བསམ་བློ་བརྒྱུད་སྤྲོད་བྱས། དེ་དང་ཆབས་ཅིག་ཏུ་སྐབས་ཐོན་སློབ་ཆེན་མཐར་ཕྱིན་སློབ་མ་དང་ལས་ཞུགས་གསར་དུ་བྱས་པའི་སློབ་ཆེན་སློབ་མ། དེ་མིན་སློབ་ཞུགས་སུ་ཡོད་པའི་སློབ་མ་ཡོངས་ལ་གཟེངས་བསྟོད་ཀྱི་དངུལ་དང་སྐུལ་སློང་གི་དངུལ་བྱིན་ཏེ། སློབ་གསོར་མཐོང་བཟོས་ཆེ་བ་དང་སློབ་སྦྱོང་གོང་དུ་བཀུར་བའི་ཁོར་ཡུག་བཟང་པོ་བསྐྲུན་པ་དང་ན་གཞོན་རྣམས་རང་རང་གི་ཤེས་ཡོན་ལ་བརྟེན་ནས་ཕ་ཡུལ་འཛུགས་བསྐྲུན་བྱེད་པའི་ལམ་དུ་ཞུགས་པར་བསྐུལ།

བྱེད་སྒོ་རུ་གསར་བརྗེ་བརྗོད་སྙིང་དུ་བཟུང་བའི་ཚད་ཐུབ་ཀྱི་བྲོ་གར་དང་དམངས་གཞས་སོགས་བཀོད་བསྒྲིགས་བྱས་ཏེ། ལྟད་མོ་པ་དག་གིས་འཁྲབ་སྟོན་སྣ་ཚོགས་ཀྱི་ཁྲོད་ནས་གསར་བརྗེའི་ལོ་ཟླར་སླར་ཡང་ཕྱིར་དྲན་བྱས་ནས་རྒྱལ་གཅེས་ཀྱི་བསམ་བློ་བསྐྱེད་པ་དང་ཆབས་ཅིག་ཏུ་སོག་པོ་གྲོང་ཚོའི་ཁྱད་ཆོས་ལྡན་པའི་གྲོང་གསེབ་རིག་གནས་ཀྱི་མཛེས་སྡུག་དང་དུས་རབས་གསར་བའི་རོང་འབྲོག་མང་ཚོགས་ཀྱི་བསམ་བློའི་ཉམས་འགྱུར་ཡང་མངོན་པར་བྱས།

ད་ཐེངས་ཀྱི་བྱེད་སྒོ་དེས་གསར་བརྗེ་ཡི་སྙིང་སྟོབས་རྒྱུད་འཛིན་བྱས་པར་མ་ཟད། དམངས་སེམས་གཅིག་ཏུ་བསྡུས་པ་དང་དམངས་འཚོར་ཕན་པ་བསྐྲུན་ཞིང་ལས་བྱེད་དང་མང་ཚོགས་དབར་གྱི་འབྲེལ་བ་སྔར་བས་ཇེ་དམ་དུ་བཏང་། མ་འོངས་པར་དམུ་དགེ་གྲོང་རྡལ་གྱིས་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་གཏིང་ཇེ་ཟབ་ཏུ་གཏོང་བ་དང་ཐོན་ལས་ཀྱི་འཕེལ་རྒྱས་དང་དམངས་འཚོའི་ཞབས་ཞུ་ལེགས་པར་བསྒྲུབས་ཏེ། བདེ་སྐྱིད་ལྡན་པའི་གྲོང་གསེབ་ཀྱི་མཐིང་རིས་གསར་པ་འབྲི་བར་འབད་པ་གནང་རྒྱུ་རེད་དོ།།