ཟུང་ཆུ་རྫོང་དམུ་དགེ་གྲོང་རྡལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་མཉམ་འབྲེལ་མཁོ་བསྟུན་འཁྲབ་སྦྱོང་སྤེལ།

ཡོང་ཁུངས། ཟུང་ཆུ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས།
གསར་འགོད་པ། ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༤ ཚེས་ ༢༩

ཉེ་ཆར། ཟུང་ཆུ་རྫོང་དམུ་དགེ་གྲོང་རྡལ་མེ་འགོག་རོགས་སྐྱོབ་སྐབས་བསྟུན་རུ་ཆེན་དང་། གྲོང་རྡལ་སྲིད་གཞུང་གི་ཆེད་ལས་མེ་འགོག་ས་ཚིགས། མངགས་གཏོང་ཁང་། འཕྲོད་བསྟེན་ཁང་། གློག་ཤུགས་ཀུང་སི་སོགས་ལས་ཁུངས་ཚན་པ་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་གཙོ་གནད་ནགས་ཚལ་ཁུལ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ཆེད་དོན་མཉམ་འབྲེལ་མཁོ་བསྟུན་འཁྲབ་སྦྱོང་སྤེལ།

འཁྲབ་སྦྱོང་དེ་མཚོ་འཕགས་མཐོ་བ་དང་། ས་དབྱིབས་རྙོག་འཛིང་ཆེ་བ། འབར་སླ་བའི་དངོས་པོ་མང་བ། མེ་ཁུངས་དོ་དམ་ཚོད་འཛིན་དཀའ་བ་སོགས་ཀྱི་དོན་དངོས་ལ་དམིགས་ཏེ། མི་རྣམས་ཉེན་ཁའི་གནས་ནས་སྤོར་བ་དང་མེ་སྐྱོན་ཕྱི་བསྐོར་བཀག་སྡོམ་ཚོད་འཛིན་སོགས་ཀྱི་འཁྲབ་སྦྱོང་ནང་དོན་བཀོད་བསྒྲིགས་བྱས། འཁྲབ་སྦྱོང་མ་བྱས་པའི་སྔོན་དུ། མཉམ་འབྲེལ་མེ་འགོག་རུ་ཆེན་གྱིས་གནས་ཡུལ་རྩད་ཞིབ་དང་ལས་བགོས་ཞིབ་ཕྲ་བགྱིས་ནས་མྱུལ་དཔྱོད་བརྡར་གཅོད་དང་། འཐབ་ཕྱོགས་དང་པོའི་མེ་གསོད། དངོས་ཟོག་འགན་ལེན། རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་སྨན་བཅོས་སོགས་ཀྱི་ཚོགས་ཆུང་བཙུགས། རླུང་ཤུགས་མེ་གསོད་འཕྲུལ་འཁོར་དང་། མེ་གསོད་ཡོ་བྱད་ཨང་གཉིས་པ། མཐོ་གནོན་ཆུ་འདྲེན་སྒྲིག་ཆས། འགོག་སྲུང་སྒྲིག་ཆས། འཕྲིན་གཏོང་མཚེ་འཕྲིན་སོགས་ཀྱི་དངོས་པོ་ཆ་ཚང་མཁོ་བསྒྲིགས་བྱས་ཏེ། དང་ལེན་དང་ལྷན་བསྡུ། ཞིབ་འཇུག་བརྡར་གཅོད། གཙང་སེལ། མེ་གསོད་རོགས་སྐྱོབ། བསྐྱར་དུ་གཙང་རྩིས་སོགས་ཁ་གསལ་བཟོས།

འཁྲབ་སྦྱོང་ནགས་ཁུལ་དུ་སྒྲིག་འགལ་ངང་མེ་བཀོལ་ནས་མེ་སྐྱོན་གྱི་གནས་ཚུལ་བྱུང་བ་འཁྲབ་པ་དང་བསྟུན་དེ་མ་ཐག་ཏུ་མཁོ་བསྟུན་སྔོན་ཇུས་ལག་བསྟར་བྱེད་འགོ་བརྩམས། མཉམ་འགུལ་ལས་ཁུངས་རྣམས་འཕྲལ་དུ་འཁྲབ་སྦྱོང་ནགས་ཁུལ་དུ་ཐོན་པ་དང་། མི་མེད་གནམ་གྲུས་མེ་སྐྱོན་ལ་སྐོར་ཞིབ་དང་མེ་སྐྱོན་ཞིབ་འཇུག་བརྡར་གཅོད་བྱས། མེ་གསོད་སྟོབས་ཤུགས་ཀྱིས་ཚོགས་ཆུང་ཁག་བགོས་བགྱིས་ནས་མེ་ཁུངས་བསྐོར་བ་དང་གནད་དུ་འཁེལ་བའི་སྒོ་ནས་མེ་གསོད་ཀྱི་བྱ་བ་བསྒྲུབས།

འཁྲབ་སྦྱོང་གི་རྗེས་སུ། ཡུལ་དངོས་ཀྱི་འགན་འཁུར་བས་བསྐྱར་དུ་གཙང་རྩིས་དང་གདེང་འཇོག་བྱེད་པ་རྩ་འཛུགས་བྱས་ཏེ། མཉམ་འགུལ་སྦྲེལ་མཐུད་དང་སྒྲིག་ཆས་བཀོལ་སྤྱོད། མཁོ་བསྟུན་དང་ལེན་བཅས་ཁྲོད་ཀྱི་མི་འདང་ས་ཕྱོགས་བསྡོམས་བྱས་ནས་ཡུལ་དངོས་ནས་དག་ཐེར་ལེགས་བཅོས་བྱེད་པ་དང་འབྲེལ་དངོས་སུ་བཀོལ་སྤྱོད་ཀྱི་གསོ་སྦྱོང་ལ་ཤུགས་བསྣན།

ད་ཐེངས་ཀྱི་འཁྲབ་སྦྱོང་གིས་ལས་ཁུངས་མང་པོའི་མཉམ་འགུལ་ལམ་སྲོལ་ལ་སྔར་བས་མཐུན་སྦྱོར་བྱས་པས། གཞི་རིམ་གྱི་མེ་གསོད་དཔུང་ཁག་གིས་དང་ལེན་མགྱོགས་མྱུར་དང་མཐུན་སྦྱོར་དམག་འཐབ་བྱེད་པའི་ནུས་པ་ཇེ་ཆེར་ཕྱིན་པ་དང་། གཙོ་གནད་ནགས་ཁུལ་གྱི་མེ་འགོག་མཁོ་བསྟུན་གྱི་ཞན་ཆ་གསབ་པ། སྐྱེ་ཁམས་དང་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་།

མ་འོངས་པར། དམུ་དགེ་གྲོང་རྡལ་གྱིས་མངོན་མེད་རྐྱེན་ངན་གྲལ་བཤེར་དང་དངོས་འཐབ་རེས་སྦྱོང་རྒྱུན་མཐུད་དུ་བྱས་ནས་ལོ་ཧྲིལ་པོར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཚབས་ཆེན་དང་ཆེས་ཚབས་ཆེན་མི་འབྱུང་བའི་མཐའ་ཐིག་ཡང་དག་པར་བསྲུངས་སོ། །