ས་གནས་ཁག་གིས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།
མི་རིགས་བསྐྱར་དར་བྱེད་དགོས་ན་གྲོང་གསེབ་ངེས་པར་དུ་དར་རྒྱས་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “ལས་གྲྭ་ཁྲི་སྟོང་”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོར། ས་གནས་ཁག་དང་སྡེ་ཚན་ཁག་གིས་“ལས་གྲྭ་ཁྲི་སྟོང་”གི་ཉམས་མྱོང་གསར་གཏོད་དང་བེད་སྤྱོད་བྱས་ཐོག དོན་དངོས་ལ་གཞི་ཚུགས་པ་དང་གནད་ལ་འཁེལ་བའི་ཤུགས་སྣོན་བརྒྱབ་ནས། གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཀྱི་རྣམ་པ་གསར་པ་འབད་པས་གཏོད་བཞིན་ཡོད།
དཔྱིད་ཀ་ཤར་ཚུན། ཅང་སུའུ་ཐའེ་ཀྲོའུ་ཡི་ཆུ་གྲོང་གི་ཁྱད་ཆོས་ལྡན་པའི་གྲོང་གསེབ་ཡུལ་སྐོར་ཚ་ཚ་འུར་འུར་ངང་སྤེལ་ཞིང་། པད་ཁའི་མེ་ཏོག་གི་མཛེས་པ་ཉམས་སུ་མྱོང་བ་དང་དམངས་སྲོལ་འཁྲབ་སྟོན་ལ་ལྟ་བ་སོགས་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་རབ་དང་རིམ་པས་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་རྒྱུར་ཡིད་དབང་བཀུག་ཡོད། ཟླ་གསུམ་པར་ཐའེ་ཀྲོའུ་ཡིས་སྣེ་ལེན་ཞུས་པའི་ཡུལ་སྐོར་བ་ན་ནིང་གི་དུས་མཚུངས་ལས་11.8%འཕར་ཡོད་པ་དང་། ད་ལོ་ཐའེ་ཀྲོའུ་ཡི་གྲོང་གསེབ་ཁག་གཅིག་གིས་ད་དུང་ལྟེ་བའི་མཛེས་ལྗོངས་ཁུལ་དང་མཉམ་འགུལ་བྱས་ནས་“སྤྲོ་གསེང་གི་བྱེད་སྒོ་ཆུང་གྲས་”དང་“གནས་སྡོད་ཡུལ་སྐོར་”སོགས་བཏོན་ནས་སྣ་མང་གི་གྲོང་གསེབ་ཡུལ་སྐོར་ལས་རིགས་སྐྱེད་སྲིང་བྱ་རྒྱུ་རེད། ཐའེ་ཀྲོའུ་གྲོང་ཁྱེར་ཤིན་ཧྭ་གྲོང་ཁྱེར་ཆན་ཏུའོ་གྲོང་རྡལ་ཏུང་ཝང་གྲོང་ཚོའི་གྲོང་མི་ཁྲེན་ཀྲེན་གྱིས། དེ་སྔ་ང་ཚོ་གྲོང་ཁྱེར་ཆེ་གྲས་སུ་ཨར་པོ་རྒྱག་པར་འགྲོ་གི་ཡོད། ད་ཆ་དེ་ལྟར་འགྲོ་མི་དགོས་ཏེ། སྒོ་འགྲམ་གྱི་པད་ཁའི་མེ་ཏོག་རྣམས་ཕྱུག་འགྱུར་མེ་ཏོག་ལ་གྱུར་ཡོད། ཟླ་3པར་མེ་ཏོག་བཞད་རྗེས་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོང་གི་འདུག་པས། ངའི་ཁྱིམ་ཚང་མགྲོན་ཁང་གི་ཁང་མིག་12ཚང་མར་སྤྱིར་བཏང་ཐོག་ཉིན་ལྟར་ཡུལ་སྐོར་བ་སྡོད་མཁན་ཡོད། ཡུལ་སྐོར་ལས་རིགས་ཀྱི་སྐུལ་ཁྲིད་འོག ང་ཚོའི་ཕ་ཡུལ་དེ་བས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པར་འགྱུར་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་ཡོད།
ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་རྨང་གཞི་དང་འགག་རྩ་ཡིན།2023ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ཐོན་ལས་དར་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས། ཞིང་ལས་ཀྱི་ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་རྒྱ་སྐྱེད་ཧུར་ཐག་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཞིང་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
རི་ཡོད་ན་རི་ལ་བརྟེན་པ་དང་། མཚོ་ཡོད་ན་མཚོ་ལ་བརྟེན་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་ལྟར། ས་གནས་ཁག་གིས་ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་བཏང་ནས།ཐོན་ཁུངས་ཀྱི་བཟང་ཆ་དེ་འཕེལ་རྒྱས་ཀྱི་བཟང་ཆར་བསྒྱུར་ཡོད།
ཧྥུ་ཅན་ཞིང་ཆེན་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཁྲེན་ཁྲེང་གྲོང་རྡལ་ཨའོ་ཅའོ་གྲོང་ཚོ་ནི་དེ་སྔ་ཉ་འཛིན་པ་ཁོ་ནར་བརྟེན་མཁན་གྱི་ཉ་གྲོང་ཞིག་ཡིན། ད་ཆ་རྒྱ་མཚོར་བརྟེན་ནས་དར་རྒྱས་གཏོང་བཞིན་ཡོད་དེ། རྒྱ་མཚོའི་ནང་ནས་ཉ་འཛིན་པ་དང་། མཚོ་ཟས་ཀྱི་གློག་རྡུལ་ཚོང་དོན་གཉེར་བ། གྲོང་གསེབ་ཡུལ་སྐོར་སོགས་གཙོ་ཁྲིད་ཐོན་ལས་ཆེན་པོ་ལྔ་འཕེལ་རྒྱས་བཏང་ཡོད། ཨའོ་ཅའོ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ལིན་ཧྭ་ཀྲུང་གིས། ང་ཚོའི་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་43བསྐྲུན་ཡོད་པ་དང་མི་500ལྷག་ཙམ་གྱིས་གློག་རྡུལ་ཚོང་ལས་གཉེར་གྱི་ཡོད། ད་ལོའི་དུས་ཚིགས་དང་པོར། གློག་རྡུལ་ཚོང་དོན་གྱི་ཕྱིར་འཚོང་དངུལ་འབོར་སྒོར་དུང་ཕྱུར་1.3ཟིན་ཡོད། ཉ་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་བ་བརྒྱུད། གྲོང་མིའི་ཡོང་འབབ་འཕར་ནས་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད་ཅེས་བརྗོད་ཡོད།
མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ནི་ཞིང་པ་དུང་ཕྱུར་མང་པོའི་རེ་སྒུག་དང་རེ་སྨོན་ཡིན། མིག་སྔར། ས་གནས་ཁག་དང་སྡེ་ཚན་ཁག་གིས་གྲོང་གསེབ་ཀྱི་དེང་རབས་འཚོ་བའི་ཆ་རྐྱེན་མི་འདང་ས་རྣམས་ཁ་གསབ་བྱེད་མགྱོགས་སུ་བཏང་ནས་གྲོང་གསེབ་ཀྱི་སྤུས་ལེགས་འཚོ་བའི་བར་མཐོངས་གཏོད་བཞིན་ཡོད། ད་ལོའི་ཟླ་གསུམ་པར། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁག་དང་པོའི་སྦྲག་སྲིད་མི་མེད་ཟོག་སྐྱེལ་རླངས་འཁོར་བཞི་ལས་གཉེར་བྱེད་འགོ་ཚུགས་ཡོད། མི་མེད་ཟོག་སྐྱེལ་རླངས་འཁོར་གྱིས་ཞིང་འབྲོག་ཁུལ་གྱི་མྱུར་སྐྱེལ་སྡེབ་སྐྱེལ་གྱི་མ་གནས་མཐོ་བ་དང་སྦྲག་དངོས་མང་བའི་དུས་སུ་སྐྱེལ་འདྲེན་བྱེད་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱས་ཡོད། ཀྲུང་གོ་སྦྲག་སྲིད་མཚོ་སྔོན་ཞིང་ཆེན་ཝུའུ་ལན་རྫོང་ཡན་ལག་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཧྥེང་རུའེ་ཡིས། ཞིང་འབྲོག་མང་ཚོགས་ཀྱི་སྡོད་གནས་བལྟོས་བཅས་ཀྱིས་ཁ་ཐོར་ཡིན་པས། ང་ཚོའི་མི་མེད་ཟོག་སྐྱེལ་རླངས་འཁོར་ནང་ཐེངས་རེར་ཐུམ་སྒྲིལ་300ལྷག་ཙམ་བླུག་ཐུབ་པ་དང་སྡེབ་སྐྱེལ་ཐེངས་གཅིག་གིས་གྲོང་ཚོ་7གྱི་ཞིང་འབྲོག་དུད་ཚང་3200ལྷག་ཙམ་ལ་སྐྱེལ་ཐུབ་ཀྱི་ཡོད། རྗེས་སུ་མི་མེད་རླངས་འཁོར་གྱི་ཚོད་ལྟའི་ལམ་ཐིག་རྒྱུན་མཐུད་ངང་རྒྱ་ཆེ་རུ་བཏང་ནས། སྤུས་ལེགས་ཀྱི་བསྐུར་སྐྱེལ་ཞབས་ཞུར་བརྟེན་ནས་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་འདེགས་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ཡོད། ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་གཞི་ཚང་བའི་གྲོང་ཚོ་ཚང་མར་མཁྲེགས་ལམ་དང་འགྲུལ་སྐྱེལ་རླངས་འཁོར། སྒུལ་ཤུགས་གློག་བཅས་ཤར་གཏོང་ཐུབ་ཡོད་པ་དང་། གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་སྲིད་འཛིན་གྲོང་ཚོ་ཚང་མར་ཁྱབ་ཅིང་། སློབ་གསོ་དང་སྨན་བཅོས། རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། འགྲིམ་འགྲུལ་སྐྱེལ་འདྲེན་པུའི་པུའུ་ཀྲང་ལིའུ་ཝུའེ་ཡིས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་། ང་ཚོས་“གྲོང་གསེབ་ཀྱི་བཞི་འཛོམས་ལམ་”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་དང་གཉེར་སྐྱོང་ལ་དེ་བས་མཐོང་ཆེན་གྱིས་གྲོང་གསེབ་ཀྱི་འགྲུལ་པ་དང་ཟོག་འདྲེན་སྦྲག་སྲིད་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།
གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱེད་པར་དཔལ་འབྱོར་ཐད་ཕྱུག་པོ་ཡོང་བ་བྱེད་དགོས་པ་མ་ཟད། དེ་བས་ཀྱང་ཞིང་པའི་བསམ་པའི་དཔལ་ཡོན་གྲ་རྒྱས་ཕུན་སུམ་ཚོགས་སུ་གཏོང་དགོས། ད་ཆ། རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་ཐུབ་པའི་“གྲོང་ཚོའི་གཏམ་བཤད་”དང་“གྲོང་ཚོའི་དཔེ་ཀློག་”ནས་གསོན་ཤུགས་ཀྱིས་ཁེངས་པའི་“གྲོང་ཚོའི་ལག་རྩེད་སྤོ་ལོའི་འགྲན་སྡུར་”དང་“གྲོང་ཚོའི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་སྡུར་”བར་དང་། དེ་ནས་འཁྲུག་ཆ་དོད་པའི་“གྲོང་ཚོའི་གླུ་དབྱངས་འགྲན་སྡུར་”དང་“གྲོང་ཚོའི་དཔྱིད་གསར་དགོང་ཚོགས་”བར། ས་གནས་ཁག་གིས་གྲོང་གསེབ་ཀྱི་ཤེས་དཔལ་གསར་པ་འཛུགས་སྐྱོང་བྱས་ནས། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཕན་ཚུན་སྐུལ་འདེད་གཏོང་བའི་དར་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། ཀུའེ་ཀྲོའུ་ཞིང་ཆེན་རུང་ཅང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཞུས་པོ་ཡིས། ད་ལོ་ང་ཚོས་མུ་མཐུད་སྐབས་གཉིས་པའི་“གྲོང་ཚོའི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་སྡུར་”གྱི་རྒྱལ་ཡོངས་འགྲན་བསྡུར་དང་2026ལོའི་“གྲོང་ཚོའི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་སྡུར་”གྱི་རྒྱལ་སྤྱིའི་འགྲན་བསྡུར་ཡག་པོ་གཉེར་རྒྱུ་ཡིན། ང་ཚོས་“གྲོང་ཚོའི་རྐང་རྩེད་སྤོ་ལོའི་རིམ་འདས་འགྲན་སྡུར་”གྱི་སྤུས་རྟགས་རྒྱུན་ཆད་མེད་པར་འཐུས་ཚང་དང་སྐྱེད་སྲིང་། འཕེལ་རྒྱས་བཅས་ཡག་པོ་བཏང་ནས། “རྐང་རྩེད་སྤོ་ལོ་ཆུང་ཆུང་”གཅིག་གིས་རྫོང་ཁོངས་ཀྱི་“གོང་འཕེལ་ཆེན་པོ་”ལ་སྐུལ་ཁྲིད་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད།
ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བ་ནི་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་གནས་བབ་ཧྲིལ་པོ་དང་སྤུས་ཚད་དང་འབྲེལ་བ་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ནང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་གཏོང་རྒྱུ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད།
ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཚུགས་ལོར། གྲོང་གསེབ་ཀྱི་འགན་གཙང་ལེན་ས་ཞིང་གི་རེས་སྐོར་གཉིས་པའི་དུས་བཀག་ཐིམ་ནས་ཞིང་ཆེན་ཧྲིལ་པོར་འགན་གཙང་ལེན་ནར་འགྱངས་བྱེད་པའི་ཚོད་ལྟ་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་29རུ་ཁྱོན་ཡོངས་ནས་སྤེལ་རྒྱུ་དང་། 2026ལོར་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་སྟོབས་དང་ཞིང་ཕན་ཞིང་ཕྱུག་སྲིད་ཇུས་ཀྱི་ཞིབ་ཐོ་ཁྱབ་བསྒྲགས་བྱས་པ་སོགས་གནད་ལ་འཁེལ་ཞིང་ནུས་ལྡན་གྱི་བྱེད་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད།ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་ཧན་ཅུན་གྱིས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་། ང་ཚོས་ཞིང་པས་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་རེ་སྨོན་དང་བསྟུན་ནས་སྟོབས་ཤུགས་དང་ཐོན་ཁུངས་སྣ་ཚོགས་གཅིག་སྡུད་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་ཕན་འབྲས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།
