རྒྱང་སྐྱོད་སྙིང་སྟོབས་བླ་ན་འཕགས། སྙན་ཚིག་གྱེར་བཞིན་རྒྱུན་འཛིན་བྱེད།

ཡོང་ཁུངས། ཟུང་ཆུ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས།
གསར་འགོད་པ། ཚུལ་ཁྲིམས་རྡོ་རྗེ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༤ ཚེས་ ༡༦

སྤྱི་ཟླ་4ཚེས་13ཉིན། རྔ་བ་ཁུལ་ཟུང་ཆུ་རྫོང་གི་2026ལོའི“དཔེ་མང་བསུང་ཞིམ་ཟུང་ཆུར་འཐུལ། དམངས་ཡོངས་དཔེ་ཀློག་བྱེད་པར་བསྐུལ”ཅེས་པའི་གྱེར་འདོན་འགྲན་བསྡུར་དེ་ཟུང་ཆུ་སློབ་འབྲིང་གི་རིག་གཞུང་སྙན་ཞུ་ཁང་དུ་སྤེལ། བྱེད་སྒོ་དེ་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བ་བརྗོད་དོན་གཙོ་བོར་བཟུང་པ་དང་“4·23འཛམ་གླིང་དཔེ་ཀློག་ཉིན་མོ”དང་དམངས་ཡོངས་ཀྱི་དཔེ་ཀློག་བྱེད་སྒོའི་གཟའ་འཁོར་དང་ཟུང་འབྲེལ་བགྱིས་ནས་སྤེལ་ཞིང་། དམིགས་ཡུལ་ནི་ཟུང་ཆུ་ཡི་གསར་བརྗེའི་ཐོན་ཁུངས་འདོན་སྤེལ་བྱས་ནས་གསར་བརྗེའི་རིག་གནས་དང་དམངས་ཡོངས་ཀྱི་དཔེ་ཀློག་མཉམ་འདྲེས་གཏིང་ཟབ་ཡོང་བར་བསྐུལ་བ་ཡོད།

ཟུང་ཆུ་རྫོང་གི་འབྲེལ་ཡོད་སྡེ་ཁག་དང་ཡུལ་ཚོ(གྲོང་རྡལ)བཞི་ནས་འོངས་ལའི་རུ་ཁག་12འགྲན་བསྡུར་ནང་ཞུགས། གྱེར་འདོན་གྱི་ནང་དོན་ནི་དམར་དམག་རྒྱང་སྐྱོད་ཀྱི་ལམ་ནས་རྔ་བ་ཁུལ་བརྒྱུད་པ་དང་། གངས་རི་དང་རྩྭ་ཐང་བརྒལ་བ། ཚོགས་འདུ་གལ་ཆེན་འཚོགས་པ་སོགས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཆེད་དུ་དམིགས་པ་དང་། དམར་དམག་རྒྱང་སྐྱོད་བརྗོད་བྱ་གཙོ་བོར་བཟུང་བའི་རྩོམ་རིག་བརྩམས་ཆོས་དང་། ལོ་རྒྱུས་ཡིག་ཚགས། རླབས་ཆེན་མི་སྣའི་སྙན་ཚིག །དེ་བཞིན་གསར་བརྗེའི་གཏམ་རྒྱུད་སོགས་ཞིབ་པར་བདམས་ནས་གྱེར་ཀློག་བྱས་ཏེ། དམར་དམག་གིས་ཟུང་ཆུར་འབད་འབུངས་བགྱིས་པའི་ལོ་རྒྱུས་སླར་ཡང་སེམས་ཁོངས་སུ་གསལ་བར་བྱས་པ་དང་དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་མངོན་པར་མཚོན་ནས་མང་ཚོགས་རྣམས་ལ་གསར་བརྗེའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ནས་འབད་བརྩོན་གྱི་སྟོབས་ཤུགས་ལེན་པར་བསྐུལ།

འགྲན་བསྡུར་གྱི་ཡུལ་དངོས་སུ་རུ་ཁག་སོ་སོས《ཚེག་བདུན། རྒྱང་སྐྱོད》《བྱང་བསྐྱོད་དེ། ནམ་ཡང་འགྱུར་མི་སྲིད་པའི་དམ་བཅའ》སོགས་ཕུལ་བྱུང་རྩོམ་ཡིག་གྱེར་འདོན་བྱས་པ་དང་འབྲེལ《རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་ནམ་ཡང་འོད་སྟོང་འཕྲོ》《ཟུང་ཆུ·རྒྱང་སྐྱོད་ཀྱི་རྣམ་ཤེས》སོགས་བརྩམས་ཆོས་ཀྱང་མངོན་པར་བྱས། བརྩམས་ཆོས་དེ་དག་གིས་དམར་དམག་གི་དཀའ་བ་བརྒྱ་ཕྲག་དང་དུ་ལེན་པ་དང་བརྩོན་པ་ཆེན་པོས་མདུན་དུ་བསྐྱོད་པའི་དཔའ་བོའི་བརྗིད་ཉམས་མཚོན་ཡོད་པར་མ་ཟད། གསར་དུ་བརྩམས་པའི་ལེ་ཚན་དག་དུས་རབས་ཀྱི་འགན་འཁྲིར་འབྲེལ་ཞིང་དུས་རབས་གསར་པར་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུད་འཛིན་བྱ་བའི་འགན་ཁུར་ཡང་མཚོན་ཡོད་ལ། དེས་ཟུང་ཆུ་རྫོང་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་ལོ་རྒྱུས་ཡིད་ལ་དམ་པོར་ངེས་པ་དང་འབད་བརྩོན་ཡར་སྙེགས་ཀྱི་རྣམ་པ་ཕུན་སུམ་ཚོགས་པའི་ངང་མངོན་པར་བྱས། ཡུལ་དངོས་ཀྱི་རྣམ་པ་བརྗིད་ཉམས་ཆེ་བ་དང་སྤྲོ་སེམས་འཁོལ་བར་མ་ཟད། ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་གསར་བརྗེའི་ཁྲག་རྒྱུན་འཛིན་པའི་སྙིང་སྟོབས་ཀྱི་ཉམས་འགྱུར་མངོན་ཁར་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཆ་དོད་པ་དང་དྲིལ་བསྒྲགས་སློབ་གསོ་ཡི་ཕན་འབྲས་ཀྱང་བཟང་པོ་ཐོབ།

སློབ་གསོའི་ཁོངས་གཏོགས་ཀྱི་འཐུས་མི་དབྱང་ཞུ་ཡིས”ད་ཐེངས་ཀྱི་བྱེད་སྒོར་དོན་སྙིང་ཟབ་མོ་ལྡན་པར་མ་ཟད། དཔེ་ཀློག་གཞི་རྟེན་དུ་བྱས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ་དང་། སློབ་གསོའི་རང་འགན་ལ་གཞི་རྐང་བཙུགས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་གཏན་གྱི་སློབ་ཁྲིད་ནང་འདྲེས་པར་བྱས་ཏེ། གཞོན་ནུ་ལོ་ཆུང་དག་གི་རྒྱལ་གཅེས་བརྩེ་སེམས་ཇེ་ཟབ་ཏུ་བཏང་ནས་གསར་བརྗེའི་རིག་གནས་མི་རབས་ནས་མི་རབས་བར་བརྒྱུད་འཛིན་ཐུབ་པར་བསྐུལ་དགོས”ཟེར། འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱི་འཐུས་མི་ཝུའུ་ལིའུ་ཡིས“གྱེར་འདོན་ལ་བརྟེན་ནས་ཐོག་མའི་བསམ་འདུན་གོང་བུར་བསྒྲིལ་བ་དང་སྤྱོད་ཚུལ་གསོ་སྐྱོང་བྱས་ཏེ། སླད་ཕྱིན་གསར་བརྗེའི་སྙིང་སྟོབས་དེ་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་སུ་བསྒྱུར་ནས་སྨན་པའི་འགན་འཁྲི་བརྟན་སྲུང་དང་མང་ཚོགས་ཀྱི་བདེ་ཐང་བསྲུངས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལག་ལེན་དངོས་ལ་བརྟེན་ནས་བསྒྲུབ་དགོས”ཟེར།

ད་ཐེངས་ཀྱི་གྱེར་འདོན་འགྲན་བསྡུར་ནི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། དམངས་ཡོངས་ཀྱི་དཔེ་ཀློག་གཏིང་ཇེ་ཟབ་ཏུ་གཏོང་བ་དང་དཔེ་དེབ་ཀྱི་བསུང་ཞིམ་ཟུང་ཆུར་འཐུལ་བའི་ལག་ལེན་ཕུན་སུམ་ཚོགས་ལ་ནུས་པ་ལྡན་པ་ཞིག་ཀྱང་ཡིན་ཏེ། གསར་བརྗེའི་རིག་གནས་དང་དཔེ་ཀློག་ཁྱབ་གདལ་དུ་གཏོང་བ་མཉམ་འདྲེས་གཏིང་ཟབ་ཡོང་བར་བསྐུལ་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་མི་སེམས་ཀྱི་ཟབ་སར་ཟུག་པར་བྱ་བ་དང་། མ་འོངས་པར་ཟུང་ཆུ་རྫོང་གིས་སྣ་མང་ཕུན་སུམ་ཚོགས་པའི་དཔེ་ཀློག་བྱེད་སྒོ་མུ་མཐུད་སྤེལ་ནས་དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི་རྣམ་པ་བཟང་པོ་བསྐྲུན་པ་དང་། གསར་བརྗེའི་རིག་གནས་ལ་བརྟེན་ནས་སེམས་ཤུགས་གཅིག་ཏུ་བསྒྲིལ་ཏེ། ཟུང་ཆུ་རྫོང་གི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་བསམ་བློའི་སྙིང་སྟོབས་ཀྱི་འདེགས་སྐྱོར་བརྟན་པོ་བསྐྲུན་པར་བྱ་རྒྱུ་ཡིན་འདུག་གོ། །