འབྲིང་བ་ཡུལ་ཚོས“སེ་འབྲུ”ལས་གཞི་ལག་བསྟར་བྱས་ནས་མཐུན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ།

རྔ་བ་ཁུལ་གྱི་མང་ཚོགས་ལས་ཀ“སེ་འབྲུ”ལས་གཞིའི་བཀོད་སྒྲིག་དོན་འཁྱོལ་དང་ཉམས་ཞན་ལ་རོགས་རམ་གྱི་ལས་སྒོ་ཡག་པོ་སྤེལ་ནས། མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱ་ཆེད། མཛོད་དག་རྫོང་གླིང་བ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་སྡེ་པ་གོང་མའི་སྡེ་མི་ཤིས་ཕྲུག་ཚང་གི་དཀའ་ཁག་ལ་གཞིགས་ནས་ཆེད་དོན་བརྩེ་སེམས་ཞལ་འདེབས་ཕུལ་བའི་བྱེད་སྒོ་སྒྲིག་འཛུགས་བྱས། སྦྱོར་བ་དངོས་ཀྱིས་བྱམས་བརྩེ་བརྒྱུད་སྤྲོད་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས།
སྡེ་པ་གོང་མའི་སྡེ་མི་ཤིས་ཕྲུག་གི་ཆུང་མ་བཀྲ་ཤིས་སྒྲོལ་མར་ཀླད་པའི་སྐྲན་ནད་ཕོག་པ་དང་ཡུན་རིང་པོར་ཁྲེང་ཏུའུ་རུ་སྨན་བཅོས་བྱས། སྨན་རིན་མཐོ་ལ་ཁྱིམ་ཚང་མི་ངལ་ནུས་མི་འདང་བ། ཡོང་འབབ་གཏན་འཇགས་མིན་པ་བཅས་ཀྱི་རྐྱེན་པས་ཁྱིམ་ཚང་དཀའ་ངལ་འཕྲད། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་རྟོག་ཞིབ་བྱས་པ་བརྒྱུད་ཁྱིམ་ཚང་དེ“སེ་འབྲུ”ལས་གཞིའི་གཙོ་གནད་རོགས་སྐྱོར་བྱ་ཡུལ་དུ་བདམས། དུས་ལྟར་རོགས་སྐྱོར་ལས་དོན་སྤེལ།
ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་གྲོས་མགོ་བཏོན་པ་བརྒྱུད། ཡུལ་ཚོའི་ལྟེ་བའི་སློབ་གྲྭ་དང་མངག་གཏོང་ཁང་། སྡེ་པའི“ཨུ་ལྷན་གཉིས”བཅས་ཀྱིས་སྣེ་ཁྲིད་དེ་ཡུལ་ཚོ་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་ཞལ་འདེབས་གནང་། གཅེས་སེམས་སྒོར་མོ་10860བསྡུས། ཞལ་འདེབས་ཕུལ་བའི་བརྒྱུད་རིམ་ཧྲིལ་པོ་ཀུན་ཁྱབ་གསལ་བསྒྲགས་དང་ཆེད་དངུལ་ཆེད་སྤྱོད་ཡིན། མིག་སྔར་ཞལ་འདེབས་དངུལ་ཚང་མ་ཤིས་ཕྲུག་ལ་སྤྲད་ཡོད། དེ་ཡང་ནད་པར་སྨན་བཅོས་དང་ཁྱིམ་ཚང་གི་འཚོ་བའི་འགན་སྲུང་ཐད་ལ་སྤྱོད་རྒྱུ་རེད།
གཅེས་སེམས་ཞལ་འདེབས་ཕུལ་བའི་བྱེད་སྒོ་དེས་ཁྱིམ་ཚང་དེའི་དཔལ་འབྱོར་གྱི་གནོན་ཤུགས་ཇེ་ཆུང་དུ་བཏང་བར་མ་ཟད། ཏང་དང་སྲིད་གཞུང་། ཡུལ་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་ཐུགས་ཁུར་ཡང་མཚོན་ཡོད། དེ་ནི“སེ་འབྲུ”ལས་གཞི་གཞི་རིམ་དུ་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད། རྗེས་ཕྱོགས་གླིང་བ་ཡུལ་ཚོས་དམངས་འཚོར་དོ་ཁུར་བྱས་ཏེ། མི་རིགས་མཐུན་སྒྲིལ་རོགས་སྐྱོར་ཟབ་སྤེལ་གྱིས་མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ལེགས་པོ་བསྐྱེད་ངེས་རེད།
