ཨ་རུའི་སྙིང་པོའི་སྤོས་ལྡན་གྲོང་ཁྱེར་དུ་ཡོད་པའི་ལྟེ་གནས་ཀྱི་སྒོ་འབྱེད་མཛད་སྒོ།

ཡོང་ཁུངས། སི་ཁྲོན་བོད་སྐད་རླུང་འཕྲིན།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༤ ཚེས་ ༡༤

དཔྱིད་གསར་རླུང་བུ་བསིལ་བསིལ་ལྡང་། །བཀྲ་ཤིས་ཆར་བ་ས་ལ་བབས། །བདེ་སྐྱིད་རྫོགས་ལྡན་བཞད་པའི་དུས། །སྐྱེ་འགྲོ་དགའ་བས་འཛུམ་དཀར་གཡོ། །སྤྱི་ཟླ་4བའི་ཚེས་13ཉིན། ཛམ་ཐང་རྫོང་གི་ཛམ་བྷ་ལའི་གཟུགས་མེད་རིག་གནས་བརྒྱུད་སྦྱོང་ཁང་གི་སྤོས་ལྡན་གྲོང་ཁྱེར་ན་ཡོད་པའི་ཨ་རུའི་སྙིང་པོ་ཁམས་གསོ་བདེ་སྲུང་ཁང་གི་སྒོ་འབྱེད་ཀྱི་མཛད་སྒོ་སྤེལ། རྣམ་གྲངས་དེས་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུན་འཛིན་ཚོགས་པའི་ཐོན་ཁུངས་ལ་བརྟེན་ནས“གཟུགས་མེད་ཤུལ་བཞག་རིག་གནས་དང་། དེང་རབས་སྒྱུ་རྩལ། ཚོང་ལས”བཅས་མཉམ་འདྲེས་བྱས་ཏེ། གཟུགས་མེད་ཤུལ་བཞག་རིག་གནས་འགྲེམས་སྟོན་དང་ཞིབ་འཇུག་སློབ་སྦྱོང་། བོད་ལུགས་གསོ་རིག་བཅས་གཞི་གཅིག་ཏུ་འདུས་པའི་སྣ་མང་ལས་རིགས་ཀྱི་རྣམ་པ་ཞིག་གཏོད་རྒྱུ་རེད།

ཐེངས་འདིའི་མཛད་སྒོའི་སྟེང་དུ་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་འགོ་གཙོ་གཞོན་པ་ཟུར་པ། སི་ཁྲོན་ཞིང་ཆེན་མི་རིགས་འཕྲོད་བསྟེན་བདེ་ཐང་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཚེ་བྷོ་དང་། ཀྲུང་གུང་ཛམ་ཐང་རྫོང་ཏང་ཨུའི་རྒྱུན་ཨུ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲང་དབྱིས། བོད་ཀྱི་སྨན་པ་གྲགས་ཅན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་དངུལ་ཐོབ་པའི་བོད་ཀྱི་གསོ་རིག་གི་དགེ་རྒན་ཆེན་མོ་རྒན་འགྲོ་འདུལ་རྣམ་རྒྱལ། ཨ་རུའི་སྙིང་པོ་ཚང་གི་སྤྱི་གཉེར་བ་བཀྲ་ཤིས་ལྷ་མོ་སོགས་ཀྱིས་སྔ་རྗེས་སུ་ཤིས་ཚིག་ཕུལ་ནས་གཟུགས་མེད་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་མི་རིགས་རིག་གནས་སྤེལ་རེས་ཐད་ལ་གདེང་འཇོག་ཚད་མཐོན་པོ་གནང་། དེའི་རྗེས་སུ་སྐུ་མགྲོན་ཚོས་མཉམ་དུ་ཨ་རུའི་སྙིང་པོའི་ཁྲེང་ཏུའུ་ཚོང་ཁང་གི་སྒོ་བྱང་དངོས་སུ་བཀལ།

ཛམ་ཐང་ཛམ་བྷ་ལ་གཟུགས་མེད་ཤུལ་བཞག་རིག་གནས་བརྒྱུད་སྦྱོང་ཁང་བཙུགས་ནས་ལོ་བཅུ་ལྷག་ཙམ་སོང་རིང་རྒྱུན་འཛིན་པ་སྟོང་ཙམ་གསོ་སྐྱོང་བྱས་པ་དེ་དག་ཐང་ག་དང་བོད་ལུགས་གསོ་རིག་སོགས་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་སློབ་ཚན་ཉི་ཤུ་ལྷག་ཙམ་ལ་ཁྱབ་ཡོད། ཨ་རུའི་སྙིང་པོ་ཁྲེང་ཏུའུ་ལས་སྒྲུབ་ཁང་བཙུགས་པ་དེའི་ཐོག་ནས་གཟུགས་མེད་ཤུལ་བཞག་རིག་གནས་མཐོ་སྒང་ནས་གྲོང་ཁྱེར་དུ་བསྐྱོད་པའི་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་པར་མ་ཟད། སྤྱི་ཡོངས་ལ་བོད་ཀྱི་རིག་གནས་ཉམས་ལེན་བྱེད་པའི་སྐར་ཁུང་ལྟ་བུ་ཞིག་ཏུ་གྱུར་ཡོད།

ཕྱི་དྲོར་ད་དུང་མུ་མཐུད་དུ་སྨན་ལུམས་གཙོ་བོ་བྱས་པའི་བོད་ཀྱི་གསོ་རིག་དང་། གཟུགས་མེད་ཤུལ་བཞག་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་ཐབས། གཟུགས་མེད་ཐོན་ལས་འཕེལ་རྒྱས་གཏོང་ཐབས་སོགས་གཞིར་བཟུང་བགྲོ་གླེང་ཚོགས་འདུ་བཀོད་སྒྲིག་བྱས་འདུག