ཐང་སྐོར་གྲོང་རྡལ་གྱིས་དཔྱིད་དུས་ཀྱི་རིམས་འགོག་འཛིང་རགས་བརྟན་པོ་བསྐྲུན་ནས་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༤ ཚེས་ ༩

ཉེ་ཆར། མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱིས་རྩྭ་ཐང་གི་འབྲོག་ཁུལ་གྱི་དོན་དངོས་དང་དཔྱིད་དུས་སུ་སྲོག་ཆགས་རིམས་ནད་འགོས་ཉེན་ཆེ་བར་དམིགས་ནས་དྲིལ་བསྒྲགས་ཁྲིད་སྟོན་དང་འགོག་ཁབ་རྒྱག་པ། སྨན་བཅོས་ཞབས་ཞུ་འདོན་པའི་ལས་དོན་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་རིམས་འགོག་གི་བདེ་འཇགས་དམ་ཚགས་དྲ་བ་བཟོས།

གནས་བབ་མཐོ་ས་ནས་བཀོད་སྒྲིག་བྱས་ཏེ་འགན་འཁྲི་ལེགས་འཁུར་བྱས། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་འཕྲལ་མར་ཆེད་དོན་ཚོགས་འདུ་འཚོགས་ནས《དཔྱིད་དུས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་ཇུས་གཞི》བཟོས་པ་དང་འབྲེལ། སྡེ་པ་རིམ་པའི་རིམས་འགོག་མི་སྣ་སྒྲིག་འཛུགས་བྱས་ནས་ཆེད་དོན་གསོ་སྦྱོང་བྱས་ཏེ། རྨིག་ནད་དང་ཀླད་འབུ་སོགས་རིམས་ནད་འགོག་བཅོས་ཀྱི་ཤེས་བྱ་དང་མཁོ་བསྟུན་ཐག་གཅོད་ལས་རིམ་སྒྲོག་འགྲེལ་བྱས།

དྲིལ་བསྒྲགས་གང་ལེགས་བྱས་ཏེ་སྤྱི་གཞུང་ནས་འགོག་བཅོས་བྱས། “དྲ་ལམ་དང་ཡུལ་དངོས”མཉམ་འབྲེལ་གྱིས་སྐད་འཕྲིན་ཚོགས་པ་དང་སྡེ་མིའི་ཚོགས་ཆེན། ཁྱིམ་དུ་སོང་ནས་སྒྲོག་འགྲེལ་བྱེད་པ་བརྒྱུད།《སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས》དང་ལུ་གུ་གསོ་སྐབས་དོ་སྣང་བྱེད་དགོས་པའི་དོན་ཚན་དྲིལ་བསྒྲགས་བྱས། བསྡོམས་པས་དྲིལ་བསྒྲགས་དཔྱད་གཞི་2000ལྷག་བཀྲམ་པ་དང་འབྲོག་ཁྱིམ་1500ལ་ཁྱབ།

གནད་སྨིན་ཇུས་འདོན་གྱིས་རིམས་འགོག་འཛིང་རགས་བརྟན་པོ་བསྐྲུན། ས་ཁུལ་གྱི་འབྲོག་ལས་ཞབས་ཞུ་ལྟེ་གནས་དང་མཉམ་དུ་ཁྱིམ་ཚང་རེ་རེར་ཕྱིན་ནས། ཉེ་ལམ་གྱི་སྒོ་ཕྱུགས་ཉོ་ཚོང་གི་གནས་ཚུལ་ཐོ་འགོད་བྱས། རྫོང་ཕྱི་ནང་གཉིས་ཉོ་ཚོང་བྱེད་ཐེངས་ཇེ་ཉུང་དུ་གཏོང་བར་ཁྲིད་སྟོན་བྱས། དུས་མཚུངས་སུ་ཕྱོགས་ནས་ཕྱུགས་ར་དང་འབྲོག་ལམ། ཉོ་ཚོང་ར་བ་སོགས་གཙོ་གནད་ས་ཁོངས་ལ་དུག་སེལ་བྱས་ཏེ། འབྲོག་པ་རྣམས་ཚན་རིག་དང་མཐུན་པའི་དུག་སེལ་སྨན་སྦྱོར་སྟངས་མཛུབ་སྟོན་བྱས་ནས། རིམས་ནད་འགོས་ལམ་འགོ་ཁུངས་ནས་ཚོད་འཛིན་བྱས།