ངལ་གསོའི་རིང་ས་ཆ་མང་པོར་མེ་ཏོག་ལ་ལྟ་བའི་ཚ་རླབས་འཕྱུར།

དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོ་ཞིག་ཏུ་མེ་ཏོག་ལ་ལྟ་བའི་དུས་བཟང་འཆར། ལུའོ་དབྱང་གི་ཤིང་པདྨ་ཡི་མེ་ཏོག་ནས་པི་ཅེ་ཡི་སྟག་མའི་མེ་ཏོག་བར་དང་། མེ་ཏོག་གི་རྒྱ་མཚོ་འཁྱིལ་བའི་གནས་མཆོག་ནས་ཁྱད་ལྡན་གྲོང་ཁྱེར་ཆུང་ངུའི་བར། གྲོང་ཁྱེར་གྱི་ཁྲོམ་ལམ་ནས་གྲོང་གསེབ་ཀྱི་ཞིང་ནང་བར་བཅས་གསོན་ཤུགས་ཀྱིས་ཁེངས་པའི་ངལ་གསོའི་དུས་འདིར་མེ་ཏོག་ལ་ལྟ་བའི་རྣམ་པ་ཞིག་ངང་གིས་གྲུབ། ས་གནས་ཁག་གིས་མེ་ཏོག་མིང་བྱང་དུ་བྱེད་པ་དང་། དུས་ཆེན་ལ་བརྟེན་ནས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པར་བྱས་ཤིང་། དཔྱིད་ཀྱི་དཔལ་མོའི་འཛད་སྤྱོད་ཀྱི་ཚ་རླབས་ཤིག་འཕྱུར་བཞིན་མཆིས།

ཕྱིར་སྐྱོད་སྟེགས་བུའི་གྲངས་གཞི་ལས་མངོན་པར། ཟླ་4པ་ཤར་ཚུན། མེ་ཏོག་ལ་ལྟ་བ་ཞེས་པའི་ཡི་གེ་འཚོལ་བཤེར་བྱེད་ཚད་དེ་གཟའ་འཁོར་གོང་མ་ལས་24%འཕར་ནས། ཕྱིར་སྐྱོད་དང་ཞག་སྡོད་ཀྱི་མངགས་ཐོ་འགོད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། མེ་ཏོག་ལྟ་སའི་མཛེས་ལྗོངས་ཁུལ་དང་ཐག་ཉེ་བའམ་ཡང་ན་གཡབ་སྟེགས་དང་ལྗོངས་གཟིགས་སྒེའུ་ཁུང་ཡོད་པ་སོགས་མཛེས་ལྗོངས་ལ་མྱོང་རོལ་བྱེད་བདེ་བའི་དམངས་ཁྱིམ་མགྲོན་ཁང་དེ་མེ་ཏོག་ལ་ལྟ་བར་འགྲོ་མཁན་གྱི་ཡུལ་སྐོར་བ་ཚོའི་གདམ་ག་བྱེད་ས་གཙོ་བོར་གྱུར་བ་དང་། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་གི་ཁང་པ་སྔོན་མངགས་བྱེད་ཚད་30%ཙམ་འཕར་ཡོད།
“མེ་ཏོག་ལ་ལྟ་བའི་ས་བཀྲ”ཁ་ཕྱེ་ནས་ཧོ་ནན་ལུའོ་དབྱང་དུ་ཤིང་པདྨ་ཡི་མེ་ཏོག་ལ་ལྟ་བ་དང་།ཧུའུ་ནན་ཁྲང་ཧྲ་དང་ཅང་ཞི་ཧྲང་རའོ་རུ་པད་ཁའི་མེ་ཏོག་ལ་ལྟ་བ།ཡུན་ནན་ཕུའུ་ཨེར་དུ་མཛེས་སྡུག་རྣམ་བཀྲའི་ལུག་མིག་མེ་ཏོག་ལ་ལྟ་བ།ཀུའེ་ཀྲོའུ་པི་ཅེ་རུ་ལེ་དབར་བརྒྱ་ཙམ་གྱི་སྟག་མའི་གདོད་མའི་ནགས་ཚལ་ལ་ལྟ་བ།ཀུའེ་ཀྲོའུ་ཨན་ཧྲུན་དུ་རྣམ་པར་བཞད་པའི་པད་ཁའི་མེ་ཏོག་ལ་ལྟ་བ།ད་དུང་ཀོང་ཞི་ཧྥང་ཁྲེང་ཀང་དང་པེ་ཧའེ་ཡི་མེ་ཏོག་དཀར་པོའི་འཁྲི་ཤིང་ལ་ལྟ་བ། སི་ཁྲོན་ཀོང་ཡོན་དང་རྔ་བའི་ལི་ཤིང་མེ་ཏོག་ལ་ལྟ་བ་དང་།ཀོང་ཏུང་ཆིང་ཡོན་གྱི་སྟག་མའི་མེ་ཏོག་ལྟ་བ་བཅས་བྱས་ཆོག

དྭངས་གསལ་དུས་ཚིགས་ཀྱི་རིང་། མེ་ཏོག་ལ་ལྟ་བ་དང་འབྲེལ་བ་ཡོད་པའི་རྒྱ་རིགས་ཀྱི་གྱོན་ཆས་གྱོན་ནས་མེ་ཏོག་ལ་ལྟ་བ་དང་། ཡུལ་སྐོར་པར་ལེན། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་སོགས་ཀྱི་རྣམ་གྲངས་རྒྱུན་མཐུད་ངང་མང་དུ་ཕྱིན་ཡོད། སྟེགས་བུའི་གྲངས་གཞི་ལས་མངོན་པར། རྒྱ་རིགས་ཀྱི་གྱོན་ཆས་གྱོན་ནས་ཡུལ་སྐོར་པར་ལེན་དང་། ཇའི་བྲོ་བ་ལྟ་བ་དང་ཇ་འཐུ་བ་སོགས་ཀྱི་ཉམས་ལེན་ཞབས་ཞུ་མཁོ་འདོན་བྱེད་མཁན་དམངས་ཁྱིམ་མགྲོན་ཁང་ལ་གཞོན་ནུ་འཛད་སྤྱོད་པས་དེ་བས་དགའ་པོ་བྱེད་ཀྱི་ཡོད་པ་རེད།
སྲིད་ཇུས་ཀྱི་དཔྱིད་རླུང་བཟང་པོས་དཔྱིད་ཀའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་ཆེན་པོ་བྱས་ཡོད། ཉེ་དུས་ཞིང་ཆེན་དང་གྲོང་ཁྱེར་མང་པོ་ཞིག་གིས་དཔྱིད་དུས་ཀྱི་ངལ་གསོའི་བཀོད་སྒྲིག་གཅིག་རྗེས་གཉིས་མཐུད་ངང་ཡོངས་བསྒྲགས་བྱས་ཡོད། སྲིད་ཇུས་དེའི་ཕན་པ་དང་དེ་བཞིན་དྭངས་གསལ་དུས་ཚིགས་དང་ལྔ་གཅིག་ངལ་གསོའི་མཐུན་རྐྱེན་འོག རྒྱལ་ནང་གི་ཡུལ་སྐོར་ཁྲོམ་རར་འགྲོ་སྐྱོད་ཀྱི་ཚ་རླབས་གསར་པ་ཞིག་འཕྱུར་བཞིན་ཡོད།
སྟེགས་བུ་ཞིག་གི་གྲངས་གཞི་ལས་མངོན་པར། ཉེ་ཆར་ཅང་ཞི་དང་ཀྲེ་ཅང་། ཧྲང་ཧའེ་སོགས་ས་ཆ་མང་པོ་ནས་རྡོག་ཐོན་བྱེད་པའི་གནམ་གྲུའི་སྤ་སེ་མངགས་ཉོ་བྱེད་ཚད་མངོན་གསལ་དོད་པོས་འཕར་ནས། འཕར་ཚད་མཐོ་ཤོས་254%ཟིན་ཞིང་། དེའི་ནང་ས་ཆ་མང་པོ་ཞིག་ཏུ་ཕ་མ་དང་བུ་ཕྲུག་མཉམ་དུ་སྡོད་སའི་དམངས་ཁྱིམ་མགྲོན་ཁང་སྔོན་མངགས་བྱེད་ཚད་ཧ་ཅང་མཐོ་པོ་ཡོད་པ་དང་། ཟླ་4ཚེས་1ཉིན་ནས་ཚེས་6ཉིན་བར། ནན་ཅིང་འགྲུལ་ཁུངས་ཀྱི་ཕ་མ་དང་བུ་ཕྲུག་མཉམ་དུ་སྡོད་སའི་དམངས་ཁྱིམ་མགྲོན་ཁང་གི་མངགས་ཐོ་འགོད་ཚད་དུས་མཚུངས་ལས་ལྡབ་བཅུ་ལྷག་ཙམ་འཕར་བ་དང་། ཁྲེང་ཏུའུ་འགྲུལ་ཁུངས་ཀྱི་ཕ་མ་དང་བུ་ཕྲུག་མཉམ་དུ་སྡོད་སའི་དམངས་ཁྱིམ་མགྲོན་ཁང་མངགས་ཐོ་བྱེད་ཚད་ཀྱང་ལྡབ་བདུན་ལས་བརྒལ་བ། ཟླ་4ཚེས་28ཉིན་ནས་ཟླ་5ཚེས་5ཉིན་བར། ཧང་ཀྲོའུ་འགྲུལ་ཁུངས་ཀྱི་ཕ་མ་དང་བུ་ཕྲུག་མཉམ་དུ་སྡོད་སའི་དམངས་ཁྱིམ་མགྲོན་ཁང་སྔོན་མངགས་བྱེད་ཚད་དུས་མཚུངས་ལས་ལྡབ་བཅུ་ལྷག་ཙམ་འཕར་བ་བཅས་ཁྱིམ་མི་མཉམ་དུ་ཡུལ་སྐོར་དུ་ཕྱིན་པ་དེས་གུང་གསེང་གི་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།
མིག་སྔའི་བར། རྒྱལ་ཡོངས་སུ་གྲོང་ཁྱེར་མང་པོ་ཞིག་གིས་དཔྱིད་ཀར་མེ་ཏོག་ལ་ལྟ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་དཔྱིད་དུས་ཀྱི་འཛད་སྤྱོད་རྒྱུན་མཐུད་ངང་འཕར་རྒྱུར་སྣེ་ཁྲིད་བྱས་དང་བྱེད་བཞིན་ཡོད།
