དམངས་དོན་གཉེར་ནས་འབྲོག་ཁུལ་དར་རྒྱས་ཀྱི་ལམ་བུ་བསྐྲུན།

ཉེ་ཆར། མཛོད་དགེ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག །ཐང་སྐོར་གྲོང་རྡལ་གྱི་འབྲོག་ས་རུ་འབྲོག་ལམ་ཉམས་གསོའི་བྱ་བ་ཕྱོགས་ཡོངས་ནས་ལས་འགོ་བརྩམས། འབྲོག་པ་འགྲོ་འོང་དཀའ་བ་དང་རུ་སྤོར་སྐབས་ཀྱི་ཉེན་ཁ་རྩ་བ་ནས་མེད་པར་བཟོས་པས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱིས་བསྟོད་པའི་མཐེ་བོང་བསྒྲེངས།

རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འབྲོག་ཁུལ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དོན་ལ་གཉེར། ཐང་སྐོར་གྲོང་རྡལ་གྱི་འབྲོག་ལམ་ཁག་གཅིག་གི་ངོས་མི་སྙོམ་པ་འགྲམ་ངོགས་རྡིབ་པ། ཁ་ཆར་བབས་པའི་དུས་ལ་འདམ་རྫབ་ཆེ་བས་འགྲོ་འོང་དཀའ་བའི་གནད་དོན་དངོས་ལ་དམིགས་ཏེ། མ་དངུལ་བསྡུས་ནས་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་བྱས། ནུས་ཤུགས་ཡོད་རྒུས་འབྲོག་ལམ་ཉམས་གསོ་ལ་སྐུལ་འདེད་བཏང་ནས་སྦྱོར་བ་དངོས་ཀྱིས་མང་ཚོགས་ཀྱི་རེ་འདོད་དོན་ལ་གཉེར་ནས་འབྲོག་ཁུལ་ལ་དྲོད་ཁོལ་སྦྱིན།

ཉམས་གསོ་ལས་སྒོ་དེ་རུ་སྤོར་བ་དང་ཉིན་རྒྱུན་ཕྱུགས་འཚོ་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ལམ་གཙོ་བོ་ཡིན། དེ་ཡང་གཙོ་བོ་ལམ་ངོས་སྙོམ་པ་དང་དོང་ཁ་གསབ་པ། ལམ་ངོགས་སྲ་བརྟན་དུ་གཏོང་བ། དངོས་པོ་རྩག་རྩིག་གཙང་སེལ་བྱས་ཏེ། འབྲོག་ལམ་གྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་ལེགས་སུ་བཏང་། ཉམས་གསོ་བྱས་རྗེས་ཀྱི་ལམ་ངོས་སྙོམ་ལ་ཁོད་ཡངས་བས་འབྲོག་པས་ཕྱུགས་འཚོ་བ་དང་གཟན་ཆས་སྐྱེལ་འདྲེན། རུ་སྤོར་བ་བཅས་ལ་སྟབས་བདེ་བསྐྲུན། ཐོན་སྐྱེད་འཚོ་བའི་བདེ་འཇགས་འགོག་རྐྱེན་མེད་པར་བཟོས།
