ལི་ཆང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་བ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཟླ་བ་3པའི་ཚེས་30ཉིན་ནས་ཟླ་བ་4ཚེས་1ཉིན་གྱི་བར་སི་ཁྲོན་དུ་རྟོག་ཞིབ་གནང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབག་མེད་འཕེལ་རྒྱས་དང་ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་གི་རྒྱས་བཤད་གལ་ཆེན་ལག་བསྟར་ཟབ་མོ་དང་། གསར་གཏོད་སྣེ་ཁྲིད་རྒྱུན་འཁྱོངས།ཐོན་ཁུངས་ནུས་བསྐྲུན་གྱི་ལེགས་ཆ་འདོན་སྤེལ། གློག་དྲ་གསར་པ་འཛུགས་སྐྱོང་། ནུས་ཁུངས་སྒྲིག་གཞི་ལེགས་སྒྲིག་དང་ལེགས་སྒྱུར་ཇེ་མགྱོགས་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཐད་རོགས་འདེགས་ནུས་ལྡན་བྱེད་དགོས་ཞེས་ནན་གསུང་གནང་།

ལི་ཆང་སྔ་རྗེས་སུ་ཁྲེན་ཏུའུ་གྲོང་ཁྱེར་དང་ཏེ་དབྱང་གྲོང་ཁྱེར་དུ་ཕེབས་ནས།ནུས་ཁུངས་གསར་པ་གསར་སྤེལ་དང་འབྲེལ་ཡོད་སྒྲིག་ཆས་བཟོ་སྐྲུན་ཁེ་ལས་སོགས་ལ་རྟོག་ཞིབ་གནང་།ཐུང་ཝེ་འཛམ་གླིང་གསར་གཏོད་ཞིབ་འཇུག་ལྟེ་གནས་སུ་ལི་ཆང་གིས་འོད་ནུས་ལག་རྩལ་འགག་སྒྲོལ་སྐོར་གྱི་མཚམས་སྦྱོར་ལ་གསན་པ་དང་། གློག་རྫས་ལྷུ་ལག་ཞིབ་འཇུག་བཟོ་སྐྲུན་བྱེད་ཚུལ་ལ་རྟོག་ཞིབ་གནང་ཞིང་།ཁོང་གིས་ཉེ་བའི་ལོ་ཤས་རིང་། འོད་ནུས་ལག་རྩལ་ཡར་ཐོན་སོང་བ་དེས་ཉི་ནུས་བེད་སྤྱོད་ཆུ་ཚད་མཐོར་འདེགས་ནུས་ལྡན་བཏང་ཡོད། ཁེ་ལས་ཀྱིས་གསར་གཏོད་འཚོལ་ཞིབ་ལ་རྒྱབ་སྐྱོར་དང་། འགག་རྩའི་ལག་རྩལ་གྱི་མི་འདང་ས་སེལ་གང་ཐུབ།རིགས་སོ་སོའི་བཀོལ་སྤྱོད་ལྗོངས་རྣམ་བསྐྲུན་ནས།ལག་རྩལ་གསར་པ་གཞི་ཁྱོན་ཅན་གྱི་བཀོལ་སྤྱོད་ཇེ་མགྱོགས་གཏོང་དགོས།ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་ཁོངས་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ། ལི་ཆང་གིས་རླུང་གློག་འོད་ནུས་གཅིག་གྱུར་རྟེན་གཞི་གསར་སྤེལ་སོགས་ས་ཚུགས་སུ་རྒྱུས་ལོན་བྱེད་པ་དང་། སི་ཁྲོན་ཞིང་ཆེན་གསར་དར་གློག་དྲ་འཛུགས་སྐྲུན་སྙན་ཞུ་ལ་གསན་པ་རེད། ཁོང་གིས་གསར་དར་གློག་དྲ་འཛུགས་སྐྲུན་ལ་ནུས་ཁུངས་བདེ་འཇགས་འགན་སྲུང་དང་འབག་མེད་འཕེལ་རྒྱས་གཏོང་བའི་ཐད་དོན་སྙིང་གལ་ཆེན་ལྡན། སྒྲིག་གཞི་གསར་པ་དང་ལག་རྩལ་གསར་པ།ཞབས་ཞུ་གསར་པ་འཚོལ་ཞིབ་ཡག་པོ་དང་། དྲ་རྒྱ་འཛུགས་སྐྱོང་འཐུས་ཚང་གཏོང་བ། མ་ལག་མཐུན་སྦྱོར་ལེགས་སྒྲིག་ནུས་པ་མཐོར་འདེགས་གཏོང་བ། སྣ་མང་དགོས་མཁོ་འགན་སྲུང་དང་བདེ་འཇགས་དང་ཡིད་རྟོན་རུང་བ། འབག་མེད་ཐཱན་ཉུང་།གཏིང་ཤུགས་དྲག་པོ། རིག་ནུས་སྟབས་བདེའི་གློག་དྲ་གསར་པ་འཛུགས་དགོས། སི་ཁྲོན་ཆུ་གློག་འོད་ནུས་དང་རང་བྱུང་སོལ་རླངས་སོགས་ནུས་མང་གསབ་རེས་དང་། ནུས་ཁུངས་དྭངས་གཙང་གསར་སྤེལ་བེད་སྤྱོད་དང་གསར་དར་གློག་དྲ་འཛུགས་སྐྲུན་སོགས་ཀྱི་མདུན་དུ་བསྐྱོད་པའི་དུས་མཚུངས་སུ་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་གཏོང་ཐུབ། རྒྱལ་ཐོན་ལྕི་བའི་སྒྲིག་ཆས་ཚོགས་པའི་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་ཤར་ཕྱོགས་གློག་རླངས་ཚོགས་པའི་ཤར་ཕྱོགས་གློག་འཕྲུལ་ཚད་ཡོད་སྤྱི་གཉེར་ཁང་དུ་ལི་ཆང་གིས་ཉིང་རྡུལ་གློག་འདོན་དང་ཆུ་གློག་སོགས་སྒྲིག་ཆས་དང་ལྷུ་ལག་གཙོ་བོར་གཟིགས་ཞིབ་གནང་བར་མ་ཟད། ཁེ་ལས་ཀྱིས་ཚན་རྩལ་གྱི་ཡང་རྩེ་དང་ཚོང་རའི་དགོས་མཁོ་ལ་དམ་པོར་དམིགས་པ་དང་།མི་བཟོས་རིག་ནུས་སོགས་སྔོན་ཐོན་ལག་རྩལ་དང་བཟོ་སྐྲུན་ལས་རིགས་ཟུང་འབྲེལ་ཟབ་མོ་བྱས་ཏེ། རྒྱུན་ཆད་མེད་པར་འབག་མེད་ནུས་ཁུངས་སྒྲིག་ཆས་བཟོ་སྐྲུན་སོགས་ཁྱབ་ཁོངས་ཐད་གྲུབ་འབྲས་གསར་པ་ཐོབ་པར་བྱེད་དགོས་པའི་སྐུལ་མ་གནང་།

ལི་ཆང་རྨིན་ཅང་གཙང་པོའི་ཙི་ཕིང་ཕུའུ་ཆུ་བེད་ལྟེ་གནས་ལས་གཞིར་ཕེབས་ནས། ཙི་ཕིང་ཕུའུ་ཆུ་མཛོད་ཁུལ་ལ་གཟིགས་ཞིབ་གནང་བ་མ་ཟད། སི་ཁྲོན་ཞིང་ཆེན་གྱི་ཆུ་བེད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། དེ་རྗེས་ཁོང་གིས་ཏུའུ་ཅང་ཡན་ཆུ་བེད་ལས་གཞིར་གཟིགས་ཞིབ་གནང་། ལི་ཆང་གིས་ཆུ་བེད་སྒྲིག་ཆས་དེང་རབས་ཅན་དུ་བསྒྱུར་ནས། ཞོད་འགོག་དང་ཆུ་འདྲེན། ཆུ་འདོན། གློག་འདོན་སོགས་ཕྱོགས་བསྡུས་བྱེད་ནུས་འདོན་སྤེལ་བྱས་ཏེ། ཆུ་བཅོས་སྐྱོང་དང་དར་རྒྱས་ཀྱི་ཕན་འབྲས་གསར་པས་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས།ཀོང་ཧན་གྲོང་ཁྱེར་གྱི་ཐན་ཧྥུའུ་འབྲུ་མཛོད་ཅེས་པའི་མུའུ་ཁྲི་ཅན་གྱི་གྲོའི་མུའུ་རེའི་ཐོན་ཚད་ཇེ་མང་གཏོང་བའི་དཔེ་སྟོན་ཁུལ་དུ།ལི་ཆང་ཞིང་ཁར་ཕེབས་ནས་གྲོའི་སྐྱེ་ཚུལ་དང་ཆུ་འབྲས་མྱུག་གསོ་ལ་གཟིགས་ཞིབ་གནང་བར་མ་ཟད། ཞིང་ལས་ལག་རྩལ་ཆེད་མཁས་པ་དང་འབྲུ་རིགས་འདེབས་མཁན་ཞིང་དུད་དང་མཉམ་དུ་སྤེལ་རེས་གནང་།ལི་ཆང་གིས་ཞིང་ལས་འདེབས་འཛུགས་དུས་ཚིགས་དམ་འཛིན་བྱས་ནས་ཞིང་སྤྱོད་དངོས་རྫས་མཁོ་འདོན་དང་ལག་རྩལ་ཞབས་ཞུ་ཡག་པོ་བསྒྲུབས་ནས། རིག་ནུས་ཞིང་ལས་འཕྲུལ་ཆས་སོགས་ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པའི་བེད་སྤྱོད་ཇེ་མང་བཏང་ནས། ཚད་གཞི་མཐོན་པོས་ཞིང་ཁར་དོ་དམ་ཡག་མོ་བྱེད་དགོས། འབྲུ་རིགས་འདེབས་འཛུགས་ཞིང་དུད་ཆེན་པོའི་སྐུལ་ཁྲིད་འོག ཞིང་ཕན་སྲིད་ཇུས་ལག་བསྟར་བྱས་ནས་འབྲུ་རིགས་འདེབས་པའི་ཁེ་ཕན་འགན་སྲུང་ཇེ་དྲག་གཏོང་དགོས། སོན་བཟང་གསོ་སྤེལ་སོགས་ཀྱི་ཐད་ཤུགས་བརྒྱབ་ནས། མུ་མཐུད་ནས་འབྲུ་རིགས་ཉེན་མེད་ཀྱི་འགན་སྲུང་ནུས་པ་ཇེ་མཐོར་གཏོང་དགོས་ཞེས་གསུངས།
ཝུའུ་ཀྲེང་ལུང་གིས་རྟོག་ཞིབ་ལ་ཕེབས་རོགས་མཛད།
