མཛོད་དགེ་རྫོང་གིས་2026ལོའི་དྭངས་གསལ་དུས་ཆེན་ལ་སྔོན་གཤེགས་དཔའ་བོ་རྗེས་དྲན་བྱ་ཞེས་པའི་བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༤ ཚེས་ ༢

སྤྱི་ཟླ་3པའི་ཚེས་30ཉིན། མཛོད་དགེ་རྫོང་དུ་ཁ་བ་བབས་པ་དང་གང་སར་གཟབ་ནན་གྱི་རྣམ་པ་མངོན། རྫོང་དམག་ཁོངས་ནས་ཐོན་པའི་དམག་མིའི་ལས་དོན་ཅུས་ཀྱིས་སློབ་མའི་འཐུས་མི་དང་དམག་ཁོངས་ནས་ཐོན་པའི་དམག་མིའི་འཐུས་མི། རྫོང་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོའི་འཐུས་མི་སོགས་མི་1900ལྷག་སྒྲིག་འཛུགས་བྱས་ཏེ། རྫོང་མཁར་གྱི་སྔོན་གཤེགས་དཔའ་བོའི་བང་སོ་དང་ཐང་སྐོར་སྔོན་གཤེགས་དཔའ་བོའི་བང་སོ་རུ“2026ལོའི་དྭངས་གསལ་དུས་ཆེན་ལ་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱ”ཞེས་པའི་བརྗོད་དོན་སློབ་གསོའི་བྱེད་སྒོ་སྤེལ། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་གནང་། “རྩྭ་ཐང་དུ་པེ་ཅིན་ལ་རྒྱང་ལྟ་བྱས་ནས་ཏང་གི་བཀའ་དྲིན་དྲན”ཞེས་པའི་རྒྱལ་ཁྱིམ་གྱི་བརྩེ་ཞེན་བློ་ལ་ངེས་པར་བྱས།

བྱེད་སྒོ་སྤེལ་ཡུལ་དུ་མི་རྣམས་གཟབ་ནན་སྒོས་གྲལ་ཡག་པོ་སྒྲིག །མཆོད་འབུལ་བྱེད་སྒོ་དེ་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་སྤེལ་འགོ་ཚུགས། བརྩེ་དུང་ཟབ་མོའི་འགྱུར་ཁུག་དང་འགྲོགས་ནས་འཐུས་མི་རྣམས་ཀྱིས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སླེ་བོ་ཕུལ་བ་དང་ལག་ཏུ་མེ་ཏོག་དཀར་པོ་བཟུང་ནས་མྱ་ངན་ཞུས། སྔོན་གཤེགས་དཔའ་བོའི་ཉམས་པ་མེད་པའི་སྙིང་སྟོབས་ལ་རྗེས་དྲན་བྱས། སློབ་གྲྭའི་འགོ་ཁྲིད་ཀྱིས་རྗེས་རབས་པར་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་བློ་ལ་བརྟན་པོར་ངེས་ནས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་དགོས་པའི་སྐུལ་མ་བཏང་། སློབ་མའི་འཐུས་མིས་ལྷག་བསམ་ཟོལ་མེད་ཀྱིས་དུས་རབས་གསར་པའི་གཞོན་ནུ་ལོ་ཆུང་གི་གུས་འདུད་དང་འགན་འཁྲི་བརྗོད། དམག་ཁོངས་ནས་ཐོན་པའི་དམག་མིའི་འཐུས་མིས་རང་ཉིད་ཀྱི་ཉམས་མྱོང་དང་འབྲེལ་ནས་གསར་བརྗེའི་སྟོབས་ཤུགས་བརྒྱུད་སྤྲོད་བྱས། མི་སྣ་ཡོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཁ་ཕྱོགས་ནས་ལོ་ཆུང་གདོང་ལེན་རུ་ཁག་ཏུ་ཞུགས་པའི་དམ་ཚིག་བསྐྱར་སྒྲོག་བྱས།

བྱེད་སྒོའི་ཁྲོད་དང་བླངས་པ་རྣམས་ཀྱིས་སྔོན་ལ་གཙང་ཕྱགས་ཡོ་བྱད་བཟུང་སྟེ་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་དང་བང་སོའི་རྐང་ལམ་གྱི་ཁ་བ་དང་རྩྭ་ལྡུག་ཕྱགས། མི་སྣ་ཡོངས་ཀྱིས་རིམ་བཞིན་མེ་ཏོག་ཕུལ་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་བསྐྱོད་དེ་སྔོན་གཤེགས་དཔའ་བོའི་མཛད་རྗེས་ལ་ཉན། ལོ་རྒྱུས་རིག་དངོས་དང་པར་རིས་ལ་མཇལ་ནས་གཟི་བརྗིད་ལྡན་པའི་ལོ་ཟླ་དྲན་འཆར་དུ་བཀོད།

བྱེད་སྒོ་དེས་སྲོལ་རྒྱུན་གྱི་མཆོད་འབུལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟུང་འབྲེལ་བྱས་པས་བྱིས་པ་རྣམས་ཀྱི་བློ་ལ་སྔོན་གཤེགས་དཔའ་བོར་གུས་བཀུར་གྱི་ས་བོན་བཏབ་པར་མ་ཟད། འགན་འཁྲི་འཁུར་སེམས་ལེགས་པོ་བསྐྱེད། དེར་ཞུགས་པའི་སློབ་མ་རྣམས་ཀྱིས་རང་ཉིད་དངོས་སུ་མཆོད་འབུལ་བྱེད་སྒོའི་ནང་ཞུགས་པ་བརྒྱུད་གསར་བརྗེའི་ལོ་རྒྱུས་ལ་ངོས་འཛིན་ཟབ་མོ་བསྐྱེད་པ་དང་། མ་འོངས་པར་སྔོན་གཤེགས་དཔའ་བོ་མིག་དཔེར་བཟུང་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་བྱ་སྤྱོད་དངོས་སུ་བསྒྱུར་ཏེ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་རབས་གསར་པ་བྱ་རྒྱུ་ཡིན་ཞེས་བཤད།