མཛོད་དགེ་རྫོང་གི་ཡུལ་གྲོང་ཕྱུགས་ལས་སྨན་བཅོས་ཞབས་ཞུ་ལྟེ་གནས་ཀྱིས་འགན་ནུས་ལེགས་སྒྲུབ་ཀྱིས་འབྲོག་ལས་འཕེལ་རྒྱས་ལ་འགན་སྲུང་བྱས།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༤ ཚེས་ ༡

མཛོད་དགེ་རྫོང་གི་ཡུལ་གྲོང་ཕྱུགས་ལས་སྨན་བཅོས་ཞབས་ཞུ་ལྟེ་གནས་བཙུགས་པ་ནས་བཟུང་། འཕྲལ་མར་ལས་གནས་སུ་འགན་འཁྲི་བསྒྲུབས་ཏེ་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་དང་སྒོ་ཕྱུགས་ཀྱི་སྨན་བཅོས་ཞབས་ཞུ་ལེགས་པོ་འདོན་པར་སྐུལ་འདེད་བཏང་། རྫོང་ཁོངས་ཀྱི་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས། སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་སྲུང་ཡོལ་བརྟན་པོ་བསྐྲུན། རོང་འབྲོག་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་བྱས་པ་སོགས་ལས་དོན་ཁག་ཡག་པོ་སྤེལ་ནས་ཕན་འབྲས་མངོན་གསལ་དོད་པོ་ཐོབ།

ཉེ་ཆར་མངའ་ཁུལ་གྱི་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་གསལ་པོ་རྟོགས་ཆེད། ལྟེ་གནས་ཀྱི་ཆེད་ལས་ལག་རྩལ་མི་སྣས་ཚད་ལྡན་ལྟ་ཞིབ་ཚད་ལེན་ཇུས་གཞི་ལྟར་ཡུལ་གྲོང་ཁག་གི་གསོ་སྤེལ་ར་བ་དང་གསོ་སྤེལ་དུད་ཚང་དུ་བསྐྱོད་དེ་ནོར་ལུག་དང་ཕག་སོགས་སྒོ་ཕྱུགས་ལ་རིམས་ནད་འགོས་ཡོད་མེད་བརྟག་དཔྱད་བྱས། ཉེན་ཁ་དང་མངོན་མེད་རྐྱེན་ངན་རིམ་བཤེར་བྱས། ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་སྒོ་ཕྱུགས་ཀྱི་སྤྱིའི་རིམས་འགོག་གི་གནས་བབ་ལེགས་ལ་གསོ་སྤེལ་བྱེད་པོ་མང་ཆེ་བའི་སྒོ་ཕྱུགས་ཀྱི་བདེ་ཐང་གནས་ཚུལ་ཡག་པོ་འདུག་པ་ཤེས། རིམས་ནད་ཀྱི་ཉེན་ཁ་ཆེ་ཁུལ་རེ་འགར་དམིགས་ནས་འཕྲལ་མར་རྗེས་འདེད་ལྟ་ཞིབ་བྱས། རིམས་འགོག་མཛུབ་སྟོན་ཞིབ་མོ་བྱས་ཏེ་སྲོག་ཆགས་ཀྱི་རིམས་ནད་འགོག་བཅོས་ཀྱི་འགག་སྒོ་དང་པོ་སྲུང་།

རིམས་ནད་མཆེད་པའི་ཆོས་ཉིད་ལ་གནད་སྨིན་ཞིབ་འཇུག་དང་ཚན་རིག་དང་མཐུན་པའི་སྒོ་ནས་འགོག་བཅོས་ཐབས་ཇུས་གཏན་འབེབས་བྱ་ཆེད་རྒྱུགས་ཆེའི་ནད་རིག་བརྟག་དཔྱད་ལས་དོན་སྤེལ། ལས་དོན་མི་སྣ་གྲོང་སྡེ་དང་དུད་ཚང་དུ་བསྐྱོད་དེ་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་གྱི་གྲངས་འབོར་དང་རིམས་ནད་འགོག་ཐབས། ནད་ཕོག་པ། དེ་མིན་ནད་ཕོག་ནས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱ་ཐག་གཅོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། གསོ་སྤེལ་ཁོར་ཡུག་དང་གསོ་ཚགས་དོ་དམ། རིམས་འགོག་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ཁྱོན་ཡོངས་ནས་དཔྱད་དཔོག་བྱས། དེ་མིན་རིམས་འགོག་གནས་ཚུལ་མཐིལ་རྟོགས་བྱས། རིམ་བཤེར་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བའི་གནད་དོན་ལ་དེར་བསྟུན་གྱི་འགོག་བཅོས་བསམ་འཆར་བཏོན། གསོ་སྤེལ་མཁན་ལ་གསོ་སྤེལ་རྒྱུད་རིམ་ཚད་ལྡན་དུ་གཏོང་བ་དང་ཞན་ཆ་ཁ་གསབ། རིམས་ནད་འགོས་ཉེན་ཇེ་ཆུང་དུ་གཏོང་བའི་སྐོར་ནས་མཛུབ་སྟོན་གནང་།

ལྟེ་གནས་ཀྱིས་དམངས་ལ་ཞབས་འདེགས་ཞུ་བར་གཞིགས་ནས་ས་ཁུལ་སོ་སོའི་ཕྱུགས་ལས་སྨན་པ་གཞི་རིམ་དུ་མངགས། གསོ་སྤེལ་མཁན་ལ་སྟབས་བདེ་ཞིང་ནུས་པ་ཆེ་བའི་ནད་བརྟག་དང་མཁོ་བསྟུན་སྨན་བཅོས་ཞབས་ཞུ་བཏོན། ནུས་ཤུགས་ཡོད་རྒུས་ནད་ཕོག་པའི་སྒོ་ཕྱུགས་ལ་སྨན་བཅོས་ལས་དོན་སྤེལ། མིག་སྔའི་བར་ས་ཁུལ་སོ་སོས་སྨན་བཅོས་ཞབས་ཞུ་ཐེངས་300ལྷག་བཏོན། ནད་ཕོག་པའི་སྒོ་ཕྱུགས་500ལ་བདེ་བླག་ངང་སྨན་བཅོས་བྱས། གསོ་སྤེལ་མཁན་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་ཁྲི་150གཏོང་མི་དགོས་པ་བྱས། ནད་བརྟག་སྨན་བཅོས་ལས་དོན་དང་འབྲེལ་ནས་ཚན་རིག་དྲིལ་བསྒྲགས་ལས་སྒོ་སྤེལ། ཡུལ་དངོས་ནས་ཞིབ་འགྲེལ་དང་དཔྱད་གཞི་བཀྲམ་པ་བརྒྱུད། གསོ་སྤེལ་དོ་དམ་དང་རིམས་འགོག་ཤེས་བྱ་ཁྱབ་གདལ་བཏང་ནས། གསོ་སྤེལ་མཁན་གྱི་རང་ངོས་འགོག་བཅོས་ནུས་པ་མཐོ་རུ་བཏང་།

རྗེས་ཕྱོགས་མཛོད་དགེ་རྫོང་གི་ཡུལ་གྲོང་ཕྱུགས་ལས་སྨན་བཅོས་ཞབས་ཞུ་ལྟེ་གནས་ཀྱིས“ཕྱུགས་ལས་ལ་ཞབས་འདེགས་ཞུ་བ་དང་བདེ་ཐང་ལ་འགན་ལེན་བྱེད་པའི”དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་ལས་དོན་ལ་དོ་སྣང་དང་ལས་ཀའི་འགན་འཁྲི་ལེགས་འཁུར། ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་བཅས་ཀྱི་ཕྱོགས་ནས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སྒོ་ཕྱུགས་ལ་སྨན་བཅོས་སོགས་ཀྱི་ལས་དོན་ཁག་རྒྱུན་མཐུད་ངང་བསྒྲུབས་ཏེ། རྫོང་ཡོངས་ཀྱི་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་འབྲོག་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་ཕྱུགས་ལས་སྨན་བཅོས་ཀྱིས་འགན་སྲུང་བྱ་ངེས་རེད།