སི་ཁྲོན་ཞིང་ཆེན་གྱི “དྲན་གསོའི་རྡོ་རིང་འོག་གི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན”དང“རྒྱང་སྐྱོད་མཐུད་སྤྲོད་བྱེད། གཅིག་རྒྱུད་གཅིག་གིས་འཛིན”ཞེས་པའི་བྱེད་སྒོ་ཟུང་ཆུ་རྫོང་དུ་སྤེལ།
ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་ཆེད། སྤྱི་ཟླ་3ཚེས་25ཉིན། སི་ཁྲོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་ཐིང་དང་སི་ཁྲོན་ཞིང་ཆེན་དམག་ཁུལ་ཆབ་སྲིད་ལས་དོན་ཅུས། གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཨུ་སོགས་ལས་ཁུངས་དག་གིས་རྔ་བ་ཁུལ་ཟུང་ཆུ་རྫོང་དང་མཉམ་འབྲེལ་གྱིས “དྲན་གསོའི་རྡོ་རིང་འོག་གི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན”དང“རྒྱང་སྐྱོད་མཐུད་སྤྲོད་བྱེད། གཅིག་རྒྱུད་གཅིག་གིས་འཛིན”ཞེས་པའི་བྱེད་སྒོ་སྤེལ། དམག་དམངས་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འཐུས་ཚབ་340ཡང་བསྐྱར་རྒྱང་སྐྱོད་ཀྱི་ལམ་བུར་བསྐྱོད་པ་དང་། སྔོན་གཤེགས་དཔའ་བོ་དག་གི་གཏམ་རྒྱུད་བཤད་པ། གསར་བརྗེའི་གཞས་དབྱངས་མཉམ་དུ་ལེན་པ། རྒྱང་བསྐྱོད་ཀྱི་སྙན་ངག་ཀློག་འདོན་བྱེད་པ་སོགས་བྱས།

རྔམ་བརྗིད་ལྡན་པའི་གངས་རི་གང་དེས་ཐུན་མིན་ལོ་ཟླ་ཟིན་ཐོར་འགོད། དྲག་ཏུ་བཞུར་བའི་རྨིན་ཅང་གཙང་བོས་དད་མོའི་ཉི་འོད་འཕྲོ་བར་བྱེད། སྔ་དྲོའི་ཆུ་ཚོད་9པར། ལམ་རྒྱུད་གཉིས་ཀྱི་དཔུང་ཁག་རྣམས་གཙོ་ཚང་སྒུ་སློབ་ཆུང་དང་པོ་དང་གསེར་མཚོ་ཧྲེན་ཀྲེན་ཧྥུ་ཐེན་རེ་འདུན་སློབ་འབྲིང་ནས་དུས་གཅིག་ཏུ་བསྐྱོད་མགོ་བཟུང་ཞིང་། སློབ་མ་དག་གིས་ལུས་ལ་སློབ་གོས་གྱོན་པ་དང་དཔོན་དམག་ཚོས་གོམ་སྟབས་བརྗིད་ཉམས་ཆེན་པོས་བརྒྱབ་ནས་ཐུན་མོང་ཐོག་རྒྱང་སྐྱོད་ཀྱི་སྙིང་སྟོབས་མཚོན་པའི་རྐང་ཐང་གི་ལམ་ཐིག་ཏུ་བསྐྱོད། ལམ་དུ་བསྐྱོད་པའི་དཔུང་ཁག་དག་མཐོ་སྒང་གི་དྭངས་ཤིང་གཙང་བའི་ནམ་མཁའ་དང་ཡངས་ཤིང་ཆེ་བའི་ས་གཞིར་གཡོ་སྐྱོམ་ལྡན་པའི་རི་མོ་ཡིད་དུ་འོངས་པ་ཞིག་ཕབ།

རྗེས་ཀྱི་སྐར་མ་75ཡི་རིང་གི“དྲན་གསོའི་རྡོ་རིང་འོག་གི་བསམ་བློའི་ཆབ་སྲིད་ཀྱི་སློབ་ཚན”དུ་མི་སྣ་ཡོངས་ཀྱིས་དམར་དམག་འཐབ་འཛིང་པ་དག་གི་སྐུལ་ལྕག་བརྙན་འཕྲིན་ལ་བལྟས་པ་དང་། སྔོན་གཤེགས་དཔའ་བོ་ཨན་ཏེང་པང་གི་མི་རབས་རྗེས་མ་ཚོས་མེས་པོ་དག་གིས་དམར་དམག་ལ་འབྲུ་རིགས་གྲབས་གསོག་བྱ་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་པའི་གསར་བརྗེ་ཡི་གཏམ་རྒྱུད་བཤད་པར་མཉན་ཏོ། །གཙོ་ཚང་སྒུ་སློབ་ཆུང་དང་པོའི་སློབ་མ་དག་གིས་གླུ་དབྱངས《རི་བོ་དམར་པོ》ཞེས་པ་བཏང་བ་དང་གསེར་མཚོ་ཧྲེན་ཀྲེན་ཧྥུ་ཐེན་རེ་འདུན་སློབ་འབྲིང་གི་སློབ་མའི་འཐུས་ཚབ་དག་གིས《དྲན་གསོའི་རྡོ་རིང་འོག་ནས་སྔོན་གཤེགས་དཔའ་བོ་དྲན། རྨིན་ཧྲན་རི་བོའི་སྒང་ནས་རྒྱང་བསྐྱོད་རྗེས་མཐུད་བྱེད》ཅེས་པ་ཀློག་འདོན་བྱས།

ཟུང་ཆུ་རྫོང་ཧྥུ་ཐེན་སློབ་འབྲིང་གི་དམའ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ཝུན་ཡིའུ་ཐིང་གིས་སྔོན་མ་དམར་དམག་བསྐྱོད་མྱོང་བའི་ལམ་བུར་བསྐྱོད་དེ། དྲན་གསོའི་རྡོ་རིང་ལ་རྒྱང་མིག་འཕངས་པ་ན། སེམས་ཀྱི་གཏིང་རིམ་ནས་གཟི་བརྗིད་དང་ང་རྒྱལ་རྒྱས་ཡོང་བར་མ་ཟད། རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་ངོས་ཟིན་སྔར་བས་ཆེ་བ་བྱུང་། ང་ཚོས་སློབ་སྦྱོང་ལ་བརྩོན་པ་བྱས་ནས་འགན་འཁྲི་དང་ཁག་ལེན་ཡོད་པའི་མི་ཞིག་བྱ་རྒྱུ་ཡིན་ཞེས་བཤད།
དེ་རྗེས་མི་སྣ་ཡོངས་རྫོགས་འབུར་བརྐོས་ཐང་ཆེན་དུ་བསྐྱོད་པ་དང་རིམ་པ་རེ་རེ་བཞིན་སྐས་རིམ་609ལ་ཡར་འགོས་ཏེ། དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་རྡོ་རིང་དང་འཇིམ་བརྐོས་ཚོགས་པར་གུས་མཇལ་ཞུས་པ་རེད། རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་གི་དགེ་རྒན་མ་ཡུས་དང་ལི་ཞའོ་ཆུང་རྣམ་པ་གཉིས་ཀྱིས་གསར་བརྗེ་ཡི་གཏམ་རྒྱུད་བཤད་དེ། དམར་དམག་གི་དཔོན་དམག་ཚོས་མུ་མཐའ་བྲལ་བའི་རྩྭ་ཐང་སྙིང་རུས་ཆེན་པོས་བརྒལ་བ་དང་སྙིང་སྟོབས་ཆེན་པོས་འབད་འཐབ་བྱས་པའི་ངང་ཚུལ་སླར་གསོ་བྱས།

ཟུང་ཆུ་རྫོང་གི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་ཐུའོ་དབྱིང་ལེ་ཡིས་ད་ལྟ་དམག་ཆས་ཕུད་ཡོད་ཀྱང་དམག་གི་རྣམ་ཤེས་བོར་མེད། གསར་བརྗེའི་གཏམ་རྒྱུད་སྒྲོག་འགྲེལ་བྱེད་པར་བརྟེན་ནས་རྒྱང་སྐྱོད་སྙིང་སྟོབས་ཀྱི་བག་ཆགས་ཟབ་མོ་ཕྲུ་གུ་དག་གི་སེམས་སུ་ཟུག་པར་བྱེད་པ་དང་། སྡེ་ཁུལ་གྱི་ཞབས་ཞུ་དང་གསར་བརྗེའི་སྒྲོག་འགྲེལ་ཁྲོད་དུས་རབས་གསར་བའི“རྒྱང་སྐྱོད་ལམ་བུར”མུ་མཐུད་བསྐྱོད་པའི་རེ་བ་བཅངས་ཡོད་ཟེར།
རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་གི་འགྲེལ་བཤད་པ་ཆིན་ཁྲེང་ཡུང་གིས་ངོ་སྤྲོད་ཞིབ་ཚགས་གནང་བར་བརྟེན་མི་སྣ་ཡོངས་ཀྱིས་རྒྱང་སྐྱོད་རྡོ་རིང་གཙོ་བོ་གྲ་སྒྲིག་དང་གནས་ཡུལ་འདེམས་པ། འཛུགས་སྐྲུན་བྱེད་པ་ནས་ཡོངས་སུ་བསྐྲུན་པའི་བར་གྱི་བརྒྱུད་རིམ་ཆ་ཚང་ཤེས་རྟོགས་བྱུང་བ་དང་། དམར་དམག་རྒྱང་སྐྱོད་ཀྱི་བརྗིད་ཉམས་ལྡན་པའི་ལམ་བུར་ཕྱིར་མིག་འཕངས་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་མྱོང་རྟོགས་ཟམ་མོ་བྱས།

སི་ཁྲོན་ཞིང་ཆེན་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་ལས་དོན་ཐིང་གི་ཐིང་ཀྲང་གཞོན་པ་ཝུའུ་མིན་གྱིས་ངོ་སྤྲོད་བྱས་དོན། སི་ཁྲོན་ལ་གསར་བརྗེ་ཡི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། བསམ་བློའི་ཆབ་སྲིད་སློབ་ཚན་དེ“དྲན་གསོའི་རྡོ་རིང་གི་འོག་དང་སྔོན་གཤེགས་དཔའ་བོའི་བང་སོའི་མདུན”དུ་སྤར་ནས་གཞོན་ནུ་ལོ་ཆུང་རྣམས་ཡང་བསྐྱར་རྒྱང་སྐྱོད་ལམ་བུར་བསྐྱོད་པ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་ལ་ཉན་པ། ས་གནས་ས་ཐོག་ཏུ་རྒྱང་སྐྱོད་ཀྱི་ལོ་རྒྱུས་རྟོགས་ཞིབ་བྱེད་པ། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དཔེ་དེབ་ཀྱི་ངོས་ནས་དོན་དངོས་འཚོ་བའི་ཁྲོད་དུ་མངོན་པར་བྱས་ཏེ། གསར་བརྗེ་ཡི་ཁྲག་རྒྱུན་དང་གསར་བརྗེ་ཡི་མེ་ལྕེ་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་དགོས་པར་བཤད།
2026ལོ་ནི་ཀྲུང་གོའི་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བའི་ལོ་ཡིན་ལ། ད་ཐེངས་ཀྱི་བྱེད་སྒོ་དེས་དམག་དམངས་མཉམ་འདྲེས་དང་སྣང་ཚུལ་སློབ་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་གསར་བརྗེ་ཡི་སློབ་གསོ“གཞན་གྱིས་དྲིལ་སྒྲོག་བྱེད་པ”ནས“རང་མོས་ངང་ཤེས་རྟོགས་བྱེད་པར”བསྒྱུར་བར་སྐུལ་འདེད་བཏང་སྟེ། མི་རིགས་བསྐྱར་དར་གྱི་འགན་འཁྲི་ཐེག་པའི་དུས་རབས་ཀྱི་མི་བུ་གསར་བར་སྙིང་སྟོབས་ཀྱི་གོ་ཆ་བགོ་བར་བྱེད་དོ། །
