རྔ་བ་ཁུལ་ཨུས་གྲོང་གསེབ་ལས་ཀའི་གྲོས་ཚོགས་འཚོགས།
ཏའེ་ཏེ་ཅུན་གྱིས་ཁུལ་ཨུའི་གྲོང་གསེབ་ལས་ཀའི་གྲོས་ཚོགས་སུ་ནན་གྱིས་བསྟན་དོན།
གོམ་གང་མདུན་སྤོས་ཀྱིས་གནད་སྒྲོལ་བྱེད་ས་དང་ཤུགས་འདོན་ས་འཚོལ་དགོས་པ་དང“ཞིང་གསུམ”ལས་ཀར་འཕེལ་རྒྱས་གསར་བ་དང་ཕན་འབྲས་གསར་བ་བླངས་ནས་རྔ་བའི་མིག་དཔེ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་རྨང་གཞི་བརྟན་པོ་འདིང་དགོས།
ལུའོ་ཀྲེན་ཧྭས་གཙོ་འགན་བཞེས། ཧྥུང་ཡུས་གྲོས་ཚོགས་སུ་ཞུགས།

སྤྱི་ཟླ་3ཚེས་23ཉིན། ཁུལ་ཨུས་གྲོང་གསེབ་ལས་ཀའི་གྲོས་ཚོགས་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཏའེ་ཏེ་ཅུན་གྲོས་ཚོགས་སུ་ཕེབས་པ་དང་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་ཀའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་དགོས་པ་དང་། ཀྲུང་དབྱང་དང་ཞིང་ཨུའི་གྲོང་གསེབ་ལས་ཀའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་དགོས་ལ། གོམ་གང་མདུན་སྤོས་ཀྱིས་གནད་སྒྲོལ་བྱེད་ས་དང་ཤུགས་འདོན་ས་འཚོལ་དགོས་པ་དང“ཞིང་གསུམ”ལས་ཀར་འཕེལ་རྒྱས་གསར་བ་དང་ཕན་འབྲས་གསར་བ་བླངས་ནས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་རྔ་བའི་མིག་དཔེ་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་རྨང་གཞི་བརྟན་པོ་འདིང་དགོས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལུའོ་ཀྲེན་ཧྭས་གྲོས་ཚོགས་ཀྱི་གཙོ་འགན་བཞེས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྥུང་ཡུས་གྲོས་ཚོགས་སུ་ཞུགས།
ཏའེ་ཏེ་ཅུན་གྱིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”ལས་ཀ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ལ། ལྷག་པར་དུ་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་དགོས་པ་ནན་བཤད་གནང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་དམིགས་འབེན་གཏན་འཁེལ་བྱེད་དགོས་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་གསལ་བོར་བསྟན། “ཞིང་གསུམ”ལས་ཀ་དམ་འཛིན་ཡག་པོ་བྱ་རྒྱུར་ཁ་ཕྱོགས་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ཞིང་ཨུས་ཐོག་མཐའ་བར་གསུམ་དུ“ཞིང་གསུམ”ལས་ཀ་དེ་གལ་ཆེན་དུ་བཞག་ཡོད་པ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དེ་འབད་འཐབ་ཀྱི་དམིགས་ཡུལ་དུ་བརྩིས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀ་བཀོད་སྒྲིག་དོན་འཁྱོལ་ནན་མོར་བྱས་ཏེ། རང་ཁུལ་གྱི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པར་བསྐུལ་དགོས།
ཏའེ་ཏེ་ཅུན་གྱིས་བསྟན་དོན། “ཞིང་གསུམ”ལས་ཀར་དམ་འཛིན་ཡག་པོ་བྱ་རྒྱུ་ནི་ང་ཚོས་ངེས་གཏན་མེད་པའི་རྒྱུ་རྐྱེན་མཐའ་དག་ལ་གདོང་གཏད་བྱེད་པའི་གདེང་ཚོད་ཡིན། མཐའ་ཚད་ཀྱི་ལས་འགན་ལ་དམ་འཛིན་མཐའ་གཅིག་ཏུ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྲོད་བཞག་ནས་གཅིག་གྱུར་གྱིས་ལག་བསྟར་བྱ་དགོས། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དང་ཏང་སྲིད་ཀྱིས་མཉམ་དུ་རྨོ་ཞིང་ལ་སྲུང་སྐྱོང་བྱེད་པ་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། འབྲུ་རིགས་བདེ་འཇགས་དང་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་དང་དབུལ་འགྱུར་མི་བྱེད་པའི་མཐའ་ཚད་བརྟན་པོ་སྲུང་དགོས། ཁྱད་ལྡན་ཐོན་ལས་གསོ་སྐྱོང་ཤུགས་ཆེན་བྱས་ཏེ། ཐོན་སྐྱེད་རྟེན་གཞིའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། གླིང་ཁུལ་གྱི་ཕན་འབྲས་ཆེ་རུ་གཏོང་བ། རང་ཡུལ་གྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ། ཚོང་རྟགས་གྲགས་ཅན་བསྐྲུན་ཏེ། མཐོ་སྒང་གི་དེང་རབས་རོང་འབྲོག་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་དགོས་པ་དང་། “ཁྲི་སྟོང་ལས་གྲྭའི”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱེད་དགོས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་། སྤྱི་བའི་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་ཁོར་ཡུག་ཇེ་མཛེས་ཇེ་གཙང་དུ་གཏོང་བ་བཅས་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱིས་དེང་རབས་དཔལ་ཡོན་གྱི་འཚོ་བ་རོལ་ཐུབ་པར་འབད་དགོས། ཏང་འཛུགས་སྣེ་ཁྲིད་རྒྱུན་འཁྱོངས་བྱས་ཏེ་དྲྭ་ཐོག་ཞིབ་གཉེར་གཞི་རིམ་བཅོས་སྐྱོང་གཏིང་ཟབ་དང་ཞིབ་ཚགས། ཏན་ཏིག་བཅས་བྱེད་དགོས། ཡ་རབས་གྲོང་གསེབ་ཀྱི་དར་སྲོལ་འཛུགས་སྐྲུན་ལག་བསྟར་ཟབ་མོ་བྱས་ཏེ། གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་དང་ས་གཤིས་གནོད་འཚེ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་གཅིག་གྱུར་གྱིས་དམ་འཛིན་བྱ་དགོས། གཙོ་གནད་བསྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་དགོས་ལ། དེང་རབས་ཀྱི་གཉེར་སྐྱོང་མ་ལག་འཛུགས་པ་དང་། རྒྱུ་ནོར་དང་ཐོན་ཁུངས་གསོན་སྒྱུར་བྱེད་པ། མཐུན་རྐྱེན་འགན་སྲུང་ལ་ཤུགས་སྣོན་པ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་དགོས།
ཏའེ་ཏེ་ཅུན་གྱིས་ནན་གྱིས་བསྟན་དོན། ཏང་གིས“ཞིང་གསུམ”ལས་ཀར་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱེད་དགོས་ལ། འགན་འཁུར་བས་རང་འགུལ་ངང་ལས་དོན་སྒྲུབ་པ་དང་ཐུན་མོང་གིས་དམ་འཛིན་དང་དོ་དམ་བྱེད་དགོས། རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་ནས་དོན་གཉེར་བྱེད་དགོས་པ་དང་། དངོས་དོན་བསྒྲུབས་ནས་དངོས་ཕན་ཐོབ་པར་འགན་ལེན་བྱེད་དགོས།
གྲོས་ཚོགས་ནི་བརྙན་ལམ་བརྒྱུད་ནས་རྫོང(གྲོང་ཁྱེར)ཁག་ཏུ་འཚོགས། མཛོད་དགེ་རྫོང་དང་ཁྲོ་ཆུ་རྫོང་། བཙན་ལྷ་རྫོང་། འབར་ཁམས་གྲོང་ཁྱེར། ཝུན་ཁྲོན་རྫོང་། ཧུང་ཡོན་རྫོང་བཅས་ཀྱིས་གཏམ་བཤད་སྤེལ་རེས་བྱས། ཁུལ་ཨུ་དང་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་། ཁུལ་ཨུའི་གྲོང་གསེབ་ལས་ཀའི་འགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཆུ་དོན་ཅུས་དང་ཁུལ་ཞིང་ལས་གྲོང་གསེབ་ཅུས། ཁུལ་ནགས་ཚུལ་དང་རྩྭ་ཐང་ཅུས་བཅས་ཀྱི་ཚན་ཁག་གི་ཁོངས་མི་སོགས་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་སུ་ཞུགས་ཡོད་དོ། །
