དར་རྩེ་མདོའི་རྒྱུ་ལའི་ཕུག་ལམ་2027ལོར་བསྐྲུན་ཚར་བ་བྱ་རྒྱུ་རེད།
དཔྱིད་ཀྱི་དཔལ་མོའི་འཛུམ་ཞལ་ལྷུག་པོར་གྲོལ་བའི་དུས་འདིར། ཁྲོན་བོད་གཞུང་ལམ་གྱི་འགག་སྒོ་དང་པོ་ཞེས་སུ་གྲགས་པའི་དར་རྩེ་མདོའི་རྒྱུ་ལ་རི་བོའི་ཕུག་ལམ་འཛུགས་སྐྲུན་གྱི་འཕེལ་རིམ་ཐད་ཁུ་བྱུག་སྔོན་མོའི་སྙན་པ་འབར་བ་ལྟ་བུའི་གཏམ་བཟང་ཞིག་གྲགས་ཡོད།
ཉེ་ཆར། ལམ་རྒྱུད་ཀྱི་མང་ཚོགས་དང་འགྲོ་སྐྱོད་འགྲུལ་པས་རེ་སྒུག་ཆེན་པོ་བྱེད་བཞིན་པའི་རྒྱུ་ལ་རི་བོའི་ཕུག་ལམ་དེ་བཅུ་ཆ་བདུན་ཙམ་སྔོག་འདོན་བྱས་ཟིན་པ་དང་། ད་ལྟ་འཛུགས་སྐྲུན་པ་ཚོས་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་བཞིན་ཡོད་ཅིང་། 2027ལོའི་ལོ་མཇུག་ཏུ་ཡོངས་སུ་ལེགས་འགྲུབ་ཡོང་ཐུབ་རེ་ཡོད་པ་རེད། སྐབས་དེ་དུས་རྒྱུ་ལ་རི་བོ་བརྒལ་བའི་ལམ་ཐག་དེ་དེ་སྔོན་གྱི་ཆུ་ཚོད་གཅིག་ནས་སྐར་མ་བཅུ་ཙམ་བར་ཐུང་དུ་འགྲོ་རྒྱུ་མ་ཟད།གངས་འཁྱགས་ཀྱིས་འགྲོ་ལམ་བཀག་པ་དང་འགྲིམ་འགྲུལ་དུས་ཡུན་རིང་པོར་འགག་པའི་དཀའ་ངལ་རྦད་དེ་སེལ་ནས། སི་ཁྲོན་ནས་བོད་དུ་སྐྱོད་པའི་ལམ་བུ་གལ་ཆེན་དེ་དུས་ནམ་ཀུན་དུ་བདེ་འཇགས་དང་མགྱོགས་མྱུར་ངང་ཤར་གཏོང་ཐུབ་རྒྱུ་རེད།

རྒྱུ་ལ་རི་བོའི་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་8.415ཡོད་པ་དང་། རྣམ་གྲངས་ཀྱི་རགས་རྩིས་མ་འཇོག་སྒོར་དུང་ཕྱུར་14.755ཟིན་གྱི་ཡོད། རྒྱལ་ལམ་318ཀྱི་དར་མདོ་ནས་ར་རྔ་ཁའི་བར་གྱི་འགག་རྩའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ངོས་ནས། རྒྱུ་ལ་རི་བོ་དེ་ཉིད་ས་མཐོའི་ཤུགས་ཚད་ཆེ་བའི་ས་ཡོམ་གྱི་ས་ཁོངས་སུ་གནས་པའི་ཁར་ཆད་རིམ་དང་། ཧྲུག་ཆག་ཁུལ། ཆུ་འདུས་བང་རིམ་བཅས་མང་པོ་བརྒལ་དགོས་པས། ཨར་སྐྲུན་གྱི་དཀའ་ཚེགས་ཤིན་ཏུ་ཆེན་པོ་ཡོད།

ཕུག་ལམ་གྱི་དོང་ཁུང་གཙོ་བོ་རིམ་རྩིས་བྱས་ན་སྨི་5781བརྐོས་ཟིན་པ་དང་། སྤྱིའི་ལས་གྲྭའི་68.7%ལེགས་འགྲུབ་ཟིན་ཡོད་པ་རེད། དེའི་ཁྲོད།ཕུག་ལམ་གྱི་འཛུལ་སྣེར་སྨི་3086བརྐོས་ནས་ད་དུང་སྨི་1789ལྷག་ཡོད་པ་དང་། ཐོན་སྣེར་སྨི་2695བརྐོས་ནས་ད་དུང་སྨི་845ལྷག་ཡོད། 2026ལོ་ནི་རྣམ་གྲངས་དེ་འགག་སྒྲོལ་དང་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པའི་ལོ་ཞིག་ཡིན་པའི་ངོས་ནས། ཨར་སྐྲུན་ཚོགས་པས་བདེ་འཇགས་དང་སྤུས་ཚད་གཉིས་ཀའི་མ་མཐའི་མཚམས་ཐིག་ནན་སྲུང་བྱེད་པའི་སྔོན་འགྲོའི་འོག ཨར་ལས་ཇུས་གཞི་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་སྔོག་འདོན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས། ནུས་ཤུགས་ཡོད་རྒུས་2027ལོའི་ལོ་མཇུག་ཏུ་བསྐྲུན་ཚར་བ་རྒྱུའི་དམིགས་ཚད་ཀྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།

ལོ་ལྟར་ཁྲོན་བོད་གཞུང་ལམ་ཐོག་འགྲོ་སྐྱོད་བྱེད་པའི་ཁ་ལོ་བ་དང་འགྲུལ་སྐྱེལ་པའི་ངོས་ནས་བརྗོད་ན། རྒྱུ་ལ་རི་བོ་བརྒལ་ཐེངས་རེར་སེམས་ཁྲལ་ཆེན་པོས་མནར་བཞིན་ཡོད། ལོ་མང་རིང་དར་མདོ་གྲོང་ཁྱེར་ནས་ར་རྔ་ཁར་འགྲོ་སྐྱོད་བྱེད་བཞིན་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཝང་ལགས་ཀྱང་མི་དེ་ཚོའི་ཁྲོད་ཀྱི་གྲས་ཤིག་ཡིན། ཁོང་གིས། ང་རང་ཁྲོན་བོད་གཞུང་ལམ་ཐོག་ཕར་འགྲོ་ཚུར་འོང་བྱས་ནས་ལོ་བཅུ་ལྷག་ཙམ་ཕྱིན་སོང་། ཆེས་འཇིགས་སུ་རུང་བ་དང་སེམས་ཁྲལ་ཆེ་ཤོས་དེ་ནི་རྒྱུ་ལ་རི་བོ་བརྒལ་རྒྱུ་དེ་ཡིན། དགུན་དུས་གངས་འཁྱགས་ཀྱིས་རི་བོ་བཀག་ནས་ཆུ་ཚོད་བདུན་བརྒྱད་ཙམ་གྱི་རིང་ལ་རླངས་འཁོར་ལམ་བར་དུ་འགག་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་ལ། དངོས་ཟོག་ལ་འཁྱགས་པ་ཐེབས་ནས་སྐྱོན་ཤོར་བ་དང་འགྲུལ་བཞུད་འགོར་འགྱངས་ཤོར་བའང་རྒྱུན་མཐོང་གི་གནས་ཚུལ་ཞིག་རེད། ཐ་ན་གནམ་གཤིས་དྭངས་མོ་ཡིན་ཡང་། ཀྱག་ཀྱོག་གི་རི་ལམ་ཐོག་རླངས་འཁོར་ཆུ་ཚོད་གཅིག་ལྷག་བསྐྱོད་དགོས་ཞེས་བཤད།
དེ་ཡང་། ཁྲོན་བོད་གཞུང་ལམ་གྱི་འགག་སྒོ་འགངས་ཆེན་ཞིག་ཡིན་པའི་རྒྱུ་ལ་རི་བོ་ནི་དུས་ཡུན་རིང་པོའི་ནང་ལམ་རྒྱུད་ཀྱི་འགྲོ་སྐྱོད་སྟབས་བདེ་ཡོང་བར་ཚོད་འཛིན་ཐེབས་པའི་འགག་འཕྲང་ཞིག་ཡིན། རྒྱུ་ལ་རི་བོའི་ཕུག་ལམ་གྱི་རྣམ་གྲངས་བསྐྲུན་ཚར་རྗེས་ལོ་རྒྱུས་དེར་རྦད་དེ་འགྱུར་ལྡོག་གཏོང་རྒྱུ་རེད། ཕུག་ལམ་དེ་བསྐྲུན་ཟིན་རྗེས། མང་ཚོགས་ཀྱི་རྒྱུན་ལྡན་གྱི་འགྲོ་སྐྱོད་དང་།དངོས་ཟོག་སྐྱེལ་འདྲེན། ཡུལ་སྐོར་བ་བོད་འབྲེལ་ས་ཁུལ་དུ་བསྐྱོད་པ་བཅས་ཕྱོགས་གང་ཅིའི་ཐད་སྔར་བྱུང་མྱོང་མེད་པའི་སྟབས་བདེ་དང་བདེ་འཇགས། ནུས་ཆེ་བཅས་ཡོང་རྒྱུ་རེད།

དཀར་མཛེས་ཁུལ་གྱི་“ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་”ཡི་འགོ་ཚུགས་ལོའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གཙོ་གནད་ལས་གྲྭ་ཡིན་པའི་ངོས་ནས། རྒྱུ་ལ་རི་བོའི་ཕུག་ལམ་དེ་ཤར་གཏོང་ཐུབ་རྗེས། དར་མདོ་དང་ར་རྔ་ཁ།ལྷ་སྒང་སོགས་ཡུལ་སྐོར་གྱི་མཚམས་ཚིགས་ཡག་པོ་ཕན་ནུས་ཆེན་པོས་སྦྲེལ་མཐུད་ཐུབ་ནས་སི་ཁྲོན་ནུབ་རྒྱུད་ས་མཐོའི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་སྐུལ་སྤེལ་ཐུབ་རྒྱུ་ཡིན་པ་དང་། སྟབས་བདེ་བའི་འགྲིམ་འགྲུལ་གྱིས་ཡུལ་སྐོར་བ་དེ་བས་མང་བ་དཀར་མཛེས་སུ་ཡོང་རྒྱུའི་ཡིད་དབང་བཀུག་ནས་ལམ་རྒྱུད་ཀྱི་ཡུལ་མིའི་སྡོད་ཁང་དང་། བཟའ་བཏུང་། ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་སོགས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་བོད་འབྲེལ་ས་ཁུལ་གྱི་གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ངེས་རེད།
