ཐེ་བོ་གྲོང་རྡལ་གྱིས་བྱ་ཐབས་མང་པོ་སྤྱད་དེ་འབྲུ་རིགས་ཐོན་ནུས་ཆེ་རུ་བཏང་། སྤུས་ལེགས་ས་བོན་བགོ་འགྲེམ་བྱས་ནས་ལོ་ལེགས་འབྱུང་བར་རྨང་གཞི་བརྟན་པོ་བཏིངས།

2026ལོའི་དཔྱིད་རྨོའི་ཐོན་སྐྱེད་དམ་འཛིན་དང་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། མཐོ་སྒང་ས་ཁུལ་གྱི་ཁྱད་ལྡན་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་ཆེད། སྤྱི་ཟླ་3པའི་ཚེས་23ཉིན། མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་གྱིས་ས་བོན་བགོ་འགྲེམ་གྱི་མཛད་སྒོ་སྤེལ། སྤུས་ལེགས་ས་བོན་མང་ཚོགས་ཀྱི་སྒོ་འགྲམ་ལ་བསྐྱལ་ནས་གྲོང་རྡལ་ཡོངས་ཀྱི་དཔྱིད་རྨོ་ལ་སྒུལ་ཤུགས་སྟོབས་ལྡན་བསྩལ།

ས་བོན་བགོ་འགྲེམ་གྱི་ཡུལ་དངོས་སུ་སྒྲིག་ལམ་ལྡན་ལ་སྤྲོ་བས་ཁེངས། སྡེ་པ་སོ་སོའི་འཐུས་ཚབ་སྡེ་མི་དང་སྡེ་པའི་ལས་བྱེད་པ་ཚང་མ་དེ་གར་འཛོམས་ནས་རིམ་པ་བཞིན་ཐོ་འགོད་དང་ས་བོན་ལེན་མུས་རེད། ཡུལ་དངོས་སུ་འདྲུད་འཐེན་འཁོར་ལོ་དང་རྐང་གསུམ་འཁོར་ལོ་སོགས་ཞིང་སྤྱོད་རླངས་འཁོར་འགྲོ་འོང་མང་ལ་སྡེ་མི་རྣམས་ཀྱིས་ས་བོན་བླངས་ནས་རླངས་འཁོར་དུ་འཇོག་པ་སོགས་གང་སར་དཔྱིད་རྨོའི་ལས་ལ་བྲེལ་བའི་རྣམ་པ་དང་རྨོ་འདེབས་ཀྱི་སྟ་གོན་ལེགས་པའི་ངར་ཤུགས་ཤིག་མངོན་ཡོད།

ས་བོན་དེ་ས་གནས་ཀྱི་གནམ་གཤིས་དང་ས་རྒྱུར་འཚམ་པར་འགན་ལེན་བྱ་ཆེད། ཐེ་བོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་སྔོན་ལ་ཇུས་འགོད་བྱས་ཏེ་ཚན་རིག་དང་མཐུན་པའི་སོན་བཟང་བདམས། དུས་འགོར་གནམ་གཤིས་ཀྱི་ཆ་རྐྱེན་མཐུན་པའི་ཀན་སུའུ་ཐེ་བོ་རྫོང་དུ་ཕྱིན་ནས་ཞིང་ཁའི་སོན་རིགས་སྐྱེ་འཚར་ལ་ལྟ་ཞིབ་ཐེངས་མང་བྱས། ཞིང་ལས་ཆེད་མཁས་པ་དང་འབྲེལ་ཡོད་ལག་རྩལ་མི་སྣར་བློ་འདྲི་བྱས་ཏེ། ཡང་དང་བསྐྱར་དུ་གདམ་གསེས་བྱས་པ་བརྒྱུད་ས་གནས་དེར་འདེབས་འཚམ་པོ་ཡོད་པའི་སྤུས་ལེགས་ས་བོན་ངེས་གཏན་བྱས། ད་ལོ། སྤུས་ལེགས་ནས་བོན་དེ་དག་ལས་སྒུར་སྡེ་པ་དང་གདོང་སྣེ་སྡེ་པ། རྩེ་ལུང་སྡེ་པ་བཅས་སུ་ཚོད་འདེབས་བྱ་རྒྱུ་རེད། སྤུས་ལེགས་ས་བོན་ཁྱབ་གདལ་བཏང་བ་བརྒྱུད་འདེབས་འཛུགས་གྲུབ་ཆ་སྔར་བས་ཇེ་ལེགས་དང་འབྲུ་རིགས་ཐོན་ནུས་ཆེ་རུ་བཏང་ནས། མང་ཚོགས་ལ་ཐོན་འབོར་ལེགས་ལ་ཡོང་འབབ་འཕར་བར་གཞོགས་འདེགས་བྱས་ཏེ། གྲོང་རྡལ་ཡོངས་ཀྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།
རྒྱུས་ལོན་པ་ལྟར་ན། གྲོང་རྡལ་སྲིད་གཞུང་གིས་ཆེད་དོན་མ་དངུལ་སྒོར་ཁྲི་15བཏང་ནས་བོད་མཚོ་དང་ཁུ་ནུ་ཨང་3པ། ཀན་མཚོ་ཨང་13པ་བཅས་ཐོན་འབབ་ཆེ་ལ་གནོད་འབུ་འགོག་ཐུབ་པ། འཕྲོད་ནུས་ཆེ་བ་བཅས་ཀྱི་སྤུས་ལེགས་ནས་བོན་ཁྱོན་རྒྱ་མ་13500ཉོ་སྒྲུབ་བྱས་པ་དང་འབྲེལ་ཚོད་འདེབས་གྲོང་སྡེ་གསུམ་ལ་བགོ་འགྲེམ་བྱས། ཐེ་བོ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གོམ་སྟབས་རྗེས་མར་ཚོད་ལྟའི་འདེབས་འཛུགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་རྗེས་འདེད་ཞབས་ཞུ་མུ་མཐུད་ཡག་པོ་བསྒྲུབས་ནས་ཞིང་ཁའི་ལག་རྩལ་མཛུབ་ཁྲིད་དང་ཉིན་རྒྱུན་གྱི་དོ་དམ་ལ་ཤུགས་སྣོན་བྱ་རྒྱུ་ཡིན་ཞེས་བསྟན། ཚོད་འདེབས་ཀྱི་ཕན་འབྲས་དུས་ལྟར་ཕྱོགས་སྡོམ་དང་འདེབས་འཚམ་པོ་ཡོད་པའི་ས་བོན་ཕྱོགས་སོ་སོར་སྤེལ་ནས། འབྲུ་རིགས་ཐོན་ནུས་ཇེ་མཐོར་བཏང་སྟེ་མངའ་ཁུལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་བསྐྲུན།
