ཛམ་ལྷའི་ནོར་གླིང་གི་མེ་ཕོ་རྟ་ལོའི་རིག་གནས་སྒྱུ་རྩལ་གྲུབ་འབྲས་འགྲེམ་སྟོན་དེ་ཅང་ཞི་ཅིང་ཏེ་མཛེས་རྩལ་ཁང་དུ་འགོ་ཚུགས་པ།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
གསར་འགོད་པ། མཚོ་རྒྱལ་དབང་མོ། ཀའོ་རུའེ་རུའུ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༢༣

ཟླ་གསུམ་པའི་ཚེས་ཉི་ཤུ་ཉིན། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཛམ་ཐང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང། ཅིང་ཏེ་གྲོང་རྡལ་རྫ་ཆས་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་ཛམ་ལྷའི་ནོར་གླིང་གི་མེ་ཕོ་རྟ་ལོའི་རིག་གནས་སྒྱུ་རྩལ་གྲུབ་འབྲས་འགྲེམ་སྟོན་དེ་ཅང་ཞི་ཅིན་ཏེ་མཛེས་རྩལ་ཁང་དུ་འགོ་ཚུགས་པ་རེད།

ཐེངས་འདིའི་འགྲེམ་སྟོན་ཁུལ་དུ་གཙོ་བོ་ཅིན་རྒྱལ་རབས་དང་ཐང་རྒྱལ་རབས་ཀྱི་རྟ་མཆོག་གི་རི་མོ་དང་། བོད་འབྲེལ་ས་ཁུལ་གྱི་གླིང་གེ་སར་རྒྱལ་པོའི་ལྡེབས་རིས་ཁྲོད་ཀྱི་རྟ་མཆོག་གི་རི་མོ། ཕོ་བྲང་པོ་ཏ་ལའི་རི་དྭགས་རྔོན་པའི་རི་མོའི་ཁྲོད་ཀྱི་རྟ་མཆོག་གི་སྣང་བརྙན་སོགས་རྣམ་པ་དང་ཁྱད་ཆོས་སྣ་ཚོགས་ཀྱི་རྟ་མཆོག་གི་རི་མོ་དེ་ཐང་ག་དང་ཟངས་སྐུད། འཇིམ་བརྙན་སོགས་ལག་ཤེས་བཟོ་རྩལ་རིགས་ཉི་ཤུ་ལྷག་ལ་བརྟེན་ནས་ལེགས་པར་མཚོན་ཞིང་། མི་རིགས་སོ་སོའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་སྣང་བརྙན་དང་རིག་གནས་ཀྱི་དོན་སྙིང་ལ་འགྲེལ་བཤད་བྱས་པ་རེད།

༢༠༢༡ལོར་ཛམ་བྷ་ལའི་མངོན་མིན་རིག་གནས་ཤུལ་བཞག་དེ་ཅིང་ཏེ་གྲོང་རྡལ་གྱི་བརྒྱུད་སྦྱོང་ཁང་དུ་དངོས་སུ་སྒོ་ཕྱེ་ནས་ཛམ་ཐང་དང་ཅིང་ཏེ་གྲོང་རྡལ་བར་གྱི་མཛེས་སྡུག་གི་མཇལ་འཛོམས་ཀྱི་སྒོ་འཕར་ཡངས་པར་ཕྱེ་ཞིང་། གངས་ཅན་མཐོ་སྒང་གི་མངོན་མིན་རིག་གནས་ཤུལ་བཞག་དེ་རྫ་ཆས་ཀྱི་ཞིང་ཁམས་འདི་ནས་མཚར་སྡུག་གི་དགེ་མཚན་གསར་པ་མངོན་པའི་ལས་ལ་དབུ་ཁྱུད་བཀོད་པ་རེད། སྒོ་ཕྱེ་བ་ནས་བཟུང་། ལག་ཤེས་རྒྱུན་འཛིན་མི་སྣ་སུམ་ཅུ་ལྷག་ས་ཁོངས་བརྒལ་བའི་སློབ་གཉེར་གྱི་ལམ་དུ་ཞུགས་ཤིང་། རྒྱལ་ནང་གི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་ལག་ཤེས་སྣ་ཚོགས་ལ་སྦྱངས་པ་གང་ལེགས་བྱས་ནས་གསར་གཏོད་རང་བཞིན་གྱི་རིག་གནས་སྒྱུ་རྩལ་གྱི་ཐོན་རྫས་མང་པོ་ཞིག་ཀུན་གྱི་སྤྱན་སྔར་ཕུལ་བ་རེད།

ཐེངས་འདིའི་འགྲེམ་སྟོན་དེ་སྒྱུ་རྩལ་བརྩམས་ཆོས་བཤམས་སྟོན་དང་། སྒྱུ་རྩལ་འཁྲབ་སྟོན། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་སོགས་ཁག་ཆེན་པོ་གསུམ་ལ་བགོས་ཤིང་། འགྲེམ་སྟོན་བྱེད་སར་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་ལ་དུང་ཞེན་ཆེ་བའི་ལྟད་མོ་བ་མང་པོ་ཞིག་ཕེབས་ནས་བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་མཚར་སྡུག་དང་། ནང་སྒོས་སུ་རྒྱ་བོད་ཀྱི་རིག་གནས་སྒྱུ་རྩལ་མཉམ་འབྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པར་རྒྱུས་ལོན་བྱས་པ་རེད། ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་དེ་ཟླ་བཞི་པའི་ཚེས་ལྔའི་བར་དུ་འཚོག་རྒྱུ་ཡིན་ཞིང་། དེ་ཡི་རིང་ལ་ད་དུང་སྐོར་བྲོ་འཁྲབ་པ་དང་། མངོན་མིན་རིག་གནས་སྒྱུ་རྩལ་གྱི་ཁྲོམ་རའི་འདུ་འཛོམས་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ས་གནས་ཀྱི་གྲོང་མི་དང་ཡུལ་སྐོར་བ་རྣམས་ལ་ཛམ་བྷ་ལའི་རིག་གནས་སྒྱུ་རྩལ་གྱི་མཚར་སྡུག་ལེགས་པར་སྟོན་རྒྱུ་རེད།

ཐེངས་འདིའི་འགྲེམ་སྟོན་གྱི་འགོ་ཚུགས་མཛད་སྒོའི་ཐོག་ད་དུང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་འཇམ་དབྱངས་བློ་གྲོས་དང་མཚོ་སྔོན་ཞིང་ཆེན་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་གཞོན་པ་ཝེ་ཝུན་སོགས་ཀྱིས་རིག་གནས་རྒྱུན་འཛིན་དང་ཟུང་འབྲེལ། གསར་གཏོད་བཅས་ཀྱི་བརྗོད་དོན་ལ་དམིགས་ནས་གཟུགས་མེད་རིག་གནས་ཤུལ་བཞག་འཛིན་སྐྱོང་སྤེལ་གསུམ་དང་མི་རིགས་རིག་གནས་སྤེལ་རེས་ཀྱི་ཕྱོགས་ནས་བགྲོ་གླེང་གང་ལེགས་གནང་བ་རེད།

མ་འོངས་པར་ཛམ་ཐང་རྫོང་གིས་རིག་གནས་ཟུང་འབྲེལ་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོར་བརྟེན་ནས། ས་གནས་སོ་སོའི་རིག་གནས་ཀྱི་དགེ་མཚན་དང་སྒྱུ་རྩལ་གྱི་མཚར་སྡུག་ལ་དཔེ་ལྟ་དང་། ཕན་ཚུན་བར་སློབ་སྦྱོང་བྱེད་པའི་སྙིང་སྟོབས་ཆེར་བསྐྱེད་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་དེ་སྲ་བརྟན་གཏོང་བར་འཛད་པ་མེད་པའི་རིག་གནས་ཀྱི་སྟོབས་ཤུགས་འདོན་རྒྱུ་རེད།