རྒྱལ་ཁབ་འདི་གཉིས་སུ་ཉར་བའི་ཏུན་ཧོང་བོད་ཡིག་ཡིག་ཚགས་དཔེ་སྐྲུན་བྱས།

གསར་འགོད་པས་སྤྱི་ཟླ་3པའི་ཚེས་17ཉིན་ནུབ་བྱང་མི་རིགས་སློབ་ཆེན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2005ལོ་ནས་2025ལོའི་ལོ་མཇུག་བར་གྱི་ལོ་20ཡི་རིང་། ནུབ་བྱང་མི་རིགས་སློབ་ཆེན་དང་ཧྲང་ཧའེ་གནའ་གཞུང་དཔེ་སྐྲུན་ཁང་གིས་ཁག་སོ་སོར་དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དང་ཧྥ་རན་སེའི་རྒྱལ་ཁབ་དཔེ་མཛོད་ཁང་དང་མཉམ་ལས་བྱས་ཏེ་རྩོམ་སྒྲིག་བྱས་པའི་《དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་》དང་《ཧྥ་རན་སེའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་》ཚང་མ་ལེགས་སྒྲིག་དང་དཔེ་སྐྲུན་འགྲེམས་སྤེལ་བྱས་པས། ཕྱི་རྒྱལ་དུ་གྲམ་པའི་རྩ་ཆེའི་ཡིག་ཚགས་དེ་དག་དྭངས་གསལ་པར་རིས་ཀྱི་རྣམ་པའི་ཐོག་ནས་ཕ་ཡུལ་དུ་ལོག་ཐུབ་པ་བྱུང་ཡོད།
ནུབ་བྱང་མི་རིགས་སློབ་ཆེན་གྱི་ཕྱིར་ཡོད་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་གི་འགོ་འཛིན། དགེ་རྒན་ཆེ་མོ་ཚེ་རིང་གིས་ངོ་སྤྲོད་གནང་བར་གཞིགས་ན། དབྱིན་ཇི་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་སུ་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་ཡིག་ཚགས་ཁྱོན་པོད་61ཡོད་ཅིང་། དེའི་ཁྲོད་《ཧྥ་རན་སེའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་》ཁྱོན་པོད་35ཡོད་པ་དེ་དག་2021ལོར་དཔེ་སྐྲུན་ལེགས་གྲུབ་ཟིན་པ་དང་།《དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་》ཁྱོན་པོད་26ཡོད་པ་དེ་དག་2025ལོར་ཡོངས་སུ་དཔེ་སྐྲུན་བྱས་ཟིན་ཡོད།

ངོ་སྤྲོད་གནང་བར་གཞིགས་ན། 2005ལོར། ནུབ་བྱང་མི་རིགས་སློབ་ཆེན་དང་ཧྲང་ཧའེ་གནའ་གཞུང་དཔེ་སྐྲུན་ཁང་གིས་མཉམ་དུ་《དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཏུན་ཧོང་དང་ནུབ་ལྗོངས་ཀྱི་བོད་ཡིག་ཡིག་ཚགས་》དང་《ཧྥ་རན་སེའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་ཚགས་》རྩོམ་སྒྲིག་དང་དཔེ་སྐྲུན་བྱ་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། ལོ་དེར་ནུབ་བྱང་མི་རིགས་སློབ་ཆེན་གྱིས་ཆེད་མངགས་ཕྱིར་ཡོད་མི་རིགས་ཡིག་ཚགས་ཞིབ་འཇུག་ཁང་བཙུགས་ནས། ཕྱི་རྒྱལ་དུ་ཡོད་པའི་ཏུན་ཧོང་གི་བོད་ཡིག་ཡིག་ཚགས་ལེགས་སྒྲིག་དང་དཔེ་སྐྲུན། ཞིབ་འཇུག་བཅས་ཀྱི་ལས་ཀའི་གཙོ་འགན་འཁུར་ཡོད།
ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བཀྲ་ཤིས་དོན་གྲུབ་ཀྱིས། ཞིབ་འཇུག་ཚོགས་པས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འབྲེལ་ཡོད་ཡིག་ཚགས་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག པོད་ཚད་གཏོས་ཆེ་བ་དང་། ཡི་གེ་ཆད་པ། ཡིག་གཟུགས་གསལ་པོ་མེད་པ། གནའ་བོའི་སྐད་བརྡ་མང་བ་བཅས་ཀྱི་ཡིག་ཚགས་དག་ལ་རེ་རེ་བཞིན་ར་སྤྲོད་ཁུངས་འཚོལ་བྱས་ཏེ། རྒྱ་བོད་ཡིག་རིགས་གཉིས་ཀྱི་མིང་གཏན་འཁེལ་བྱས་ཡོད་ཅེས་གསུངས་ཡོད།
ཏུན་ཧོང་བོད་ཡིག་ཡིག་རྙིང་གི་ཡིག་ཚགས་ནི་ད་བར་ཤེས་རྟོགས་ཐུབ་པའི་ཤོག་བྲིས་ཀྱི་བོད་ཡིག་ཡིག་ཚགས་རྙིང་ཤོས་དེ་ཡིན་པ་དང་། ནང་དོན་གྱི་ཐད་ནང་བསྟན་གྱི་གསུང་རབ་དང་། ལོ་རྒྱུས་ཀྱི་བརྩམས་ཆོས། གན་རྒྱའི་ཡིག་ཆ། སྲིད་དོན་གྱི་ཡིག་ཆ། ཁྲིམས་ལུགས་ཀྱི་དོན་ཚན་སོགས་འདུས་ཡོད་ཅིང་། བོད་བཙན་པའི་དུས་སྐབས་ཀྱི་ལོ་རྒྱུས་དང་ཆབ་སྲིད། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པས། བོད་བཙན་པའི་དུས་སྐབས་ཀྱི་ལོ་རྒྱུས་དང་རིག་གནས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་རྩ་ཆེན་ཞིག་ཡིན། དེའི་ཁྲོད། དབྱིན་ཇི་དང་ཧྥ་རན་སེར་ཉར་ཚགས་བྱས་པའི་ཏུན་ཧོང་བོད་ཡིག་ཡིག་རྙིང་གི་ཡིག་ཚགས་ནི་ནང་དོན་ཕུན་སུམ་ཚོགས་ཤོས་དང་རིག་གཞུང་གི་རིན་ཐང་ཆེ་ཤོས་ཡིན་པས། བོད་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པའི་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞིར་བརྩི་ཡི་ཡོད།
