དཔལ་སྐྱིད་གྲོང་རྡལ་གྱི་ཆུ་ལམ་བཅོས་སྒྲིག་བྱས་ཏེ་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་དང་ཞོད་དུས་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན།

རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་པ་དང་། མངའ་ཁུལ་གྱི་ཞོད་དུས་ཀྱི་བྲུག་འགོག་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ། ཆུ་ཁོངས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་ཆེད། ཉེ་ཆར། དཔལ་སྐྱིད་གྲོང་རྡལ་གྱིས་ཆུ་དོན་ཅུས་དང་མཉམ་འབྲེལ་སྒོས་ཆུ་ལམ་གཙང་སྦྲའི་ཆེད་དོན་བྱ་འགུལ་སྤེལ། ཆུ་ལམ་དང་ངོགས་འགྲམ་གྱི་གད་སྙིགས་དང་འགོག་རྐྱེན་སྣ་ཚོགས་གཅིག་བསྡུས་གཙང་སེལ་བྱས་ནས། ད་ལོའི་ཞོད་དུས་ཀྱི་ཆུ་ལོག་སྔོན་འགོག་ལ་སྲུང་ཐིག་བརྟན་པོ་བཟོས།

བཅོས་སྒྲིག་བྱ་འགུལ་དེ་དུས་ཡུན་ཉིན་4ལ་སྤེལ་བ་དང་། དཔལ་སྐྱིད་གྲོང་རྡལ་མངའ་ཁུལ་གྱི་ཆུ་ལམ་སྤྱི་ལེ་5ཙམ་ཁྱོན་ཡོངས་ནས་གཙང་སེལ་བྱ་རྩིས་ཡོད། ཆུ་ལམ་དུ་གཡེང་བའི་གད་སྙིགས་དང་འདམ་འགག་དངོས་ཟོག །ཆུ་འགྲམ་གྱི་གད་སྙིགས་དཀར་པོ། རྩྭ་ལྡུམ་དང་དངོས་ཟོག །དེ་མིན་ཆུ་ལོག་གིས་ཁུར་ཡོང་བའི་རྩྭ་ལྡུམ་སོགས་གཅིག་བསྡུས་གཙང་སེལ་བྱེད་པའི་ལས་དོན་སྤེལ། བཅོས་སྒྲིག་བྱེད་སྐབས་གྲོང་རྡལ་དང་གྲོང་སྡེ་ཡིས་སྡེ་མི་40ལྷག་སྒྲིག་འཛུགས་བྱས་ནས། བཅོས་སྒྲིག་ལས་སྒོར་ཞུགས་པར་སྐུལ་སློང་བྱས། ལས་ཁུངས་ཀྱི་ལས་བྱེད་པ་དང་རྫོང་ཆུ་དོན་ཅུས་ཀྱི་ལས་གཉེར་པ་དང་མཉམ་དུ་འཐབ་ཕྱོགས་དང་པོར་འབད་འཐབ་བྱས། སྡེ་མི་རྣམས་ཀྱིས་ལག་ཏུ་ལྕགས་ཁེམ་སོགས་ཡོ་བྱད་བཟུང་ནས་ཆུ་ལམ་དང་ཆུ་ངོགས་ཀྱི་གད་སྙིགས་གཙང་སྦྲ་བྱས། རྐོ་འདྲུའི་འཕྲུལ་འཁོར་བཀོད་སྒྲིག་བྱས་ནས་ཆུ་ལམ་གྱི་འདམ་འགག་གཙང་སེལ་དང་དབོར་འདྲེན་བྱེད་རོགས་བྱས་ཏེ་བཅོས་སྒྲིག་ནུས་ལྡན་སྒོས་གཙང་སེལ་ཐུབ་པར་འགན་ལེན་བྱས།

རྒྱུས་ལོན་བྱུང་བར་ལྟར་ན། མིག་སྔའི་བར་བཅོས་སྒྲིག་ལས་དོན་དེར་བསྡོམས་པས་གད་སྙིགས་རླངས་འཁོར་2གཙང་སེལ་བྱས་པ་དང་ཏུན་10ཡོད། དུས་མཚུངས་སུ་ཆུ་ལམ་གྱི་བདེ་འཇགས་འགོག་རྐྱེན་2སེལ། ཆུ་ལོག་བྱུང་ན་ཆུ་རྒྱུག་ནུས་མངོན་གསལ་གྱིས་མཐོ་རུ་བཏང་པས། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཤར་རྒྱུག་དང་ངོགས་འགྲམ་གྱི་མཛེས་ལྗོངས་ལ་འགན་སྲུང་ནུས་ལྡན་བྱས།

