མཛོད་དགེ་ཡིས་ནུས་ཤུགས་ཡོད་རྒུས་སྒོ་ཕྱུགས་ཀྱི“ཁ་ཟས”འགན་ལེན་བྱས།

ཉེ་ཆར། ཁ་བ་ཆེན་པོ་བབས་པའི་དབང་གིས་མཛོད་དགེ་རྫོང་གི་རང་འབྱུང་རྩྭ་ས་མང་པོ་ཁ་བས་གཡོགས། སྒོ་ཕྱུགས་ལ་གཟན་རྩྭ་འདོན་དཀའ་བའི་གནོན་ཤུགས་ལ་འཕྲད། འབྲོག་པ་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱ་ཆེད། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འཕྲལ་མར་མཁོ་བསྟུན་གཟན་རྩྭ་སྦྱིན་པའི་ལས་དོན་སྤེལ་ནས། འབྲོག་པའི་འཚོ་ཚིས་དང་འབྲོག་ལས་བརྟན་འཇགས་ལ་སྲུང་སྐྱོང་གང་ལེགས་བྱས།

ཐང་སྐོར་གྲོང་རྡལ་གྱི་འབྲོག་ལས་ཐོན་ལས་གླིང་ཁུལ་གྱི་གཟན་རྩྭ་གྲབས་གསོག་རྟེན་གཞིར་འཁྲུག་ཆ་དོད། མཛོད་ཁང་ནང་རྩྭ་དང་གཟན་ཆས་ཁུག་མ་སྒྲིག་ཡོད། ལས་གཉེར་པ་དང་སྡེ་མིའི་འཐུས་ཚབ་པས་ལས་བགོས་ལྟར་གཞོགས་འདེགས་དམ་ཟབ་བྱས། རྩིས་བཤེར་བྱས་ནས་རླངས་འཁོར་དུ་བཞག་སྟེ། གཟན་རྩྭ་སྒྲིག་པའི་སྐྱེལ་འདྲེན་རླངས་འཁོར་གཅིག་རྗེས་གཉིས་མཐུད་ཀྱིས་ལམ་ལ་ཆས། མཁོ་བསྟུན་འགན་སྲུང་དངོས་ཟོག་དུས་ལྟར་ཡུལ་གྲོང་ཁག་དང་གྲོང་སྡེར་རེ་རེར་བསྐྱལ།

ལས་དོན་དེར“རྫོང་ཡོངས་ཀྱིས་གཅིག་གྱུར་འཆར་འགོད་དང་། རིམ་དབྱེ་འགན་འཁུར། གནད་འཁེལ་འབྲེལ་མཐུད”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། རྫོང་ཚན་རྩལ་ཞིང་ལས་ཅུས་དང་ཡུལ་གྲོང་མི་དམངས་སྲིད་གཞུང་ཁག་གིས་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་གྲབས་གསོག་རྩིས་བཤེར་དང་གྲངས་འབོར་ཞིབ་རྩིས། འཆར་གཞི་བཀོད་གཏོང་སོགས་ཀྱི་ལས་དོན་སྤེལ། ཡུལ་གྲོང་ཁག་གི་གཅིག་བསྡུས་བགོ་འགྲེམ་ས་ཚིགས་སུ་སྡེ་མི་རྣམས་ཀྱིས་གོ་རིམ་ལྡན་པའི་སྒོ་ནས་གཟན་རྩྭ་ལེན་མུས་ཡོད། ཡུལ་ཚོ་དང་གྲོང་སྡེའི་ལས་བྱེད་པས་རླངས་འཁོར་དུ་འཇོག་རོགས་བྱེད་མུས་འདུག །ཡུལ་དངོས་སུ་བྲེལ་འཚུབ་ཆེ་ཡང་སྒྲིག་ལམ་ལྡན་པས་དགའ་སྤྲོས་ཁེངས།
