གསར་དར་ཀ་རྟེན་ཐོན་ལས་སོགས་སྒུལ་ནུས་གསར་པར་འགྱུར་རྒྱུ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། མིག་དམར་རྒྱ་མཚོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༡༦

སྤྱི་ཟླ་3པའི་ཚེས་13ཉིན། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་དངོས་སུ་ཁྱབ་བསྒྲགས་བྱས་ཡོད། འཆར་འགོད་རྩ་གནད་ནང་། སྲོལ་རྒྱུན་གྱི་ཐོན་ལས་ལེགས་སྒྱུར་བྱ་རྒྱུ་དེ་ལས་འགན་ཆེན་པོ་བཞིའི་ཨང་དང་པོར་བཞག་ཡོད་པ་དང་། རང་རྒྱལ་གྱི་ཐོན་ལས་སྲ་བརྟན་ལེགས་སྒྱུར་གྱིས་གོ་ལ་ཧྲིལ་པོའི་ལས་བགོས་ཁྲོད་ཀྱི་གནས་བབ་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་མ་ཟད། ཞིབ་ཕྲའི་ལས་རིགས་ཁྲོད་དམིགས་ས་ཡོད་པའི་སྒོ་ནས་བཀོད་སྒྲིག་བྱ་རྒྱུ་ཡིན་པ་སྟེ། ལྕགས་དང་ངར་ལྕགས་དང་། རྡོ་སྣུམ་རྫས་འགྱུར། གྲུ་གཟིངས་སོགས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྱུར་བྱ་རྒྱུ་ཚུད་པ་དང་། འཛུགས་སྐྲུན་ལས་རིགས་ཀྱི་འགྲན་རྩོད་ནུས་པ་སྲ་བརྟན་གཏོང་རྒྱུ་ཡིན་ཞེས་འཁོད་ཡོད།

ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ནང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གྱིས་རིག་ནུས་དྲ་སྦྲེལ་གྱི་ནུས་རྒྱུ་གསར་པའི་རླངས་འཁོར་དང་། འཕྲུལ་མི་སོགས་ཐོན་ལས་གསར་དུ་བསྣན་རྒྱུ་མ་ཟད། ཡུལ་བབ་དང་བསྟུན་ནས་ཐུན་མིན་ཁྱད་ཆོས་ལྡན་པ་དང་། བཟང་ཆ་གསབ་རེས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་གཏོད་དགོས་ཞེས་བཏོན་ཡོད། རིགས་གཅིག་མཁས་པས། དེའི་ཐོག་ནས་གསར་དར་ཐོན་ལས་དེ་ཕྱོགས་རྐྱང་པ་ནས་འགག་གཏོར་ཐུབ་སྟེ་གཞི་ཁྱོན་ཅན་གྱི་ཕྱོགས་སུ་གོང་འཕེལ་འགྲོ་བ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།