མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་དུ་དཔྱིད་འདེབས་ཀྱི་ཞིང་ལས་ལས་འགོ་བརྩམས།

དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཀྲ། སྐྱེ་དངོས་ཀུན་ལ་གསོན་ཤུགས་རྒྱས། གནམ་གཤིས་རིམ་བཞིན་ཇེ་དྲོར་ཕྱིན་པ་དང་བསྟུན་ནས་མཛོད་དགེའི་ཐེ་བོ་གྲོང་རྡལ་རུ་མདོ་གྲོང་སྡེ་འབུམ་ཐང་སྡེ་པའི་ཞིང་ཁ་རུ་ལོ་རེའི་དཔྱིད་འདེབས་ཐོན་སྐྱེད་ཀྱི་ཞིང་ལས་དངོས་སུ་འགོ་བརྩམས་པ་དང་། ལས་ལ་བརྩོན་པའི་སྡེ་མི་རྣམས་ཀྱིས་དུས་ཚོད་དམ་འཛིན་གྱིས་ལུད་རྒྱག་པ་དང་རེ་བའི་ས་བོན་བཏབ་ནས། མཛོད་དགེ་རྫོང་ཡོངས་ཀྱི་དཔྱིད་འདེབས་ཐོན་སྐྱེད་ཀྱི“མདུན་སྐྱོད་གླུ་དབྱངས”དཀྲོལ།

འབུམ་ཐང་སྡེ་པའི་ཞིང་ཁ་རུ་ཞིང་ལས་ལ་བྲེལ་བའི་རྣམ་པ་མངོན། སྡེ་མི་རྣམས་ཀྱིས་ས་སློག་མུས་འདུག །དགུན་ཟླ་རིང་མོར་ཁུ་སུམ་མེར་ལུས་པའི་ས་ཞིང་ཐོང་གཤོལ་གྱིས་སྟེང་འོག་སློག་ནས་སྐྱེ་སྟོབས་ཀྱི་དཔལ་འབར། མཛོད་དགེ་ས་ཁུལ་གྱི་དཔྱིད་འདེབས་ཀྱི“ཐོང་གཤོལ་དང་པོ”དེས་འབུམ་ཐང་སྡེ་པའི་ཞིང་ལས་བྱེད་སྒོ་དུས་སྐབས་གསར་པ་ཞིག་ལ་སླེབས་པ་མཚོན་ཐུབ་པར་མ་ཟད། ས་གནས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་རེ་སྨོན་མཚོན་ཐུབ།

“དཔྱིད་ཀར་འབྲུ་རྡོག་གཅིག་བཏབ་ན་སྟོན་ཁར་འབྲུ་རྡོག་ཁྲི་བསྡུ་ཐུབ”ཅེས་པ་བཞིན། རེ་བས་ཁེངས་པའི་ཞིང་ཁ་རུ་མཛོད་དགེ་མི་དམངས་ཀྱིས་དཀའ་སྤྱད་ཀྱི་རྔུལ་ཆུ་རྐང་འོག་གི་ས་ཞིང་དུ་བཏོན་ནས། སྟོན་བསྡུའི་དུས་ལ་ལོ་ལེགས་འབྱུང་བའི་རེ་སྒུག་བྱེད་ཀྱི་ཡོད།


