དཔྱིད་ཀའི་ལས་མགོ་བསྐྱར་ཚུགས་བྱས་ནས་འགྲིམ་འགྲུལ་འཛུགས་འགྲོས་ཇེ་མྱུར་དུ་བཏང་།

དཔྱིད་ཀར་སླེབས་ཀྱང་མཛོད་དགེའི་རྩྭ་ཐང་དུ་ཁ་བས་གཡོགས། མཚོ་འཕགས་སྨི་3500ཡོད་པའི་མཐོ་སྒང་ས་ཁུལ་དུ་སི་ཁྲོན་ཞིང་ཆེན་ལྕགས་ལམ་འཛུགས་སྐྲུན་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་ལྷ་མོ་ནས་གཙོ་ཚང་དགོན་བར་གྱི་མྱུར་ལམ་TJ2ལམ་རྟགས་དང་ཟི་ཁྲེང་ལྕགས་ལམ་གྱི་ལམ་རྟགས་ལྔ་པ་འཛུགས་སྐྲུན་གྱི་ཡུལ་དངོས་སུ་ལས་ལ་འབྲེལ་བའི་རྣམ་པ་མངོན། དཔྱིད་གསར་དུས་ཆེན་མཇུག་བསྡུས་མ་ཐག་འཛུགས་སྐྲུན་པ་རྣམས་མགྱོགས་མྱུར་སྒོས་གནས་འདིར་འཛོམས་ཤིང་། འཕྲུལ་ཆས་ཀྱི་ལྡུར་སྒྲ་དང་རླངས་འཁོར་འགྲོ་སྐྱོད། ལས་མགོ་བསྐྱར་ཚུགས་ཀྱི་ཚ་རླབས་འཕྱུར་མུས་འདུག

མཐོ་སྒང་གི་ཁོར་ཡུག་རྙིག་འཛིང་ཆེ་བ་དང་། དབྱངས་རླུང་དཀོན་ལ་གྲང་ངར་ཆེ་བའི་ཁོར་ཡུག་གིས་ཨར་སྐྲུན་ལ་འགྲན་སློང་མང་པོ་བསྐྱེད། ལས་གཞི་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་ཆེད། ལྷ་མོ་ནས་གཙོ་ཚང་དགོན་བར་གྱི་མྱུར་ལམ་ལམ་རྟགས་གཉིས་པའི་རྣམ་གྲངས་སྡེ་ཁག་གིས་ལས་མགོ་མ་ཚུགས་གོང་ལ་འཕྲུལ་ཆས་དང་ཨར་སྐྲུན་ས་གནས་ལ་རིམ་བཤེར་བྱས། ལས་གནས་སུ་འབྱོར་བའི་ལས་བཟོ་བར་བདེ་འཇགས་སློབ་གསོ་དང་རྩལ་ནུས་སློབ་སྟོན་གནང་། རྣམ་གྲངས་སྤྱི་གཉེར་པ་ཀྲང་ཡུང་ཕིང་གིས་མཐོ་སྒང་གི་དམིགས་བསལ་གྱི་ཆ་རྐྱེན་མདུན་དུ་རྣམ་གྲངས་སྡེ་ཁག་གིས་ཚད་ལྡན་ཅན་གྱི་ཨར་སྐྲུན་བླང་བྱ་དོན་འཁྱོལ་ནན་མོ་དང་ཨར་སྐྲུན་རྩ་འཛུགས་ལེགས་སྒྲིག་བྱས་ཏེ། བདེ་འཇགས་དང་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག །ཅི་ཐུབ་ཀྱིས་ལས་གཞིའི་ལས་རིམ་བརྟན་པོའི་ངང་སྐུལ་འདེད་བཞིན་ཡོད་ཅེས་བཤད།

ལྷ་མོ་ནས་གཙོ་ཚང་དགོན་གྱི་མྱུར་ལམ་ལེགས་འགྲུབ་བྱུང་རྗེས་མཛོད་དགེའི་ཕྱི་འབྲེལ་འགྲིམ་འགྲུལ་ནུས་པ་ཆེ་རུ་འགྲོ། ལམ་བར་གྱི་དུས་ཚོད་ཇེ་ཐུང་དུ་སོང་ནས་ས་གནས་ཀྱི་ཡུལ་སྐོར་ལས་རིགས་དང་འབྲོག་ལས། ཟོག་སྐྱེལ་བཅས་ལ་གསོན་ཤུགས་རྒྱས་ཤིང་། རྩྭ་ཐང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་ནུས་གལ་ཆེན་ཞིག་ཏུ་འགྱུར་ངེས་རེད།
དེ་དང་ཆབས་ཅིག་ཟི་ཁྲེང་ལྕགས་ལམ་གྱི་ལམ་རྟགས་ལྔ་པའི་བཞག་སྡོམ་ཕུག་ལམ་ཨར་སྐྲུན་བྱེད་མུས་འདུག །ཆུ་གནས་རིམ་པ་དང་ཉམས་ཞན་ས་རྡོ་བཅས་རྙོག་འཛིང་ཆེ་བའི་ས་གཤིས་ཀྱི་མདུན་དུ་རྣམ་གྲངས་ཚོགས་པས་སྔོན་བརྒལ་ས་གཤིས་སྔོན་བརྡ་དང་རིག་ནུས་ལྟ་ཞིབ་ཚད་ལེན་མ་ལག་སྤྱད་དེ། ས་རྡོའི་འགྱུར་ལྡོག་ལ་འགུལ་རྣམ་ལྟ་སྐུལ་བྱས་ནས་ཨར་སྐྲུན་ཇུས་གཞི་ཇེ་ལེགས་ཇེ་རྒྱས་དང་། ཕུག་ལམ་ལེགས་འགྲུབ་འབྱུང་བར་བདེ་འཇགས་ཐད་ནས་འགན་སྲུང་བྱས། རྣམ་གྲངས་ཀྱི་འགན་འཁུར་པ་མ་ཝུའེ་ཡིས་ཟི་ཁྲེང་ལྕགས་ལམ་བསྐྲུན་རྗེས་མཛོད་དགེ་ལ་ལྕགས་ལམ་མེད་པའི་ལོ་རྒྱུས་ལ་རྫོགས་ཚིག་འགོད་ཐུབ། དེ་མིན་ནུབ་བྱང་དང་ལྷོ་ནུབ་ལ་སྦྲེལ་བའི་འགྲིམ་འགྲུལ་ལམ་ཐིག་གཙོ་བོར་གྱུར་ནས། ས་ཁོངས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་ངེས་རེད་ཅེས་བཤད།

མཛོད་དགེ་གྲང་ལྷགས་ཆེ་བའི་ས་གཞི་འདིར་འཛུགས་སྐྲུན་པ་རྣམས་ཀྱིས་དབྱངས་རླུང་དཀོན་ཡང་དཔའ་མི་ཞུམ་པའི་སྙིང་སྟོབས་བསྐྱེད་དེ། འགྱུར་མེད་ཀྱི་བློ་སྟོབས་དང་ཆེད་ལས་ལ་བརྟེན་ནས་དཀའ་གནད་རེ་རེ་བཞིན་ཁྱད་བསད་བྱས། རྣམ་གྲངས་སྡེ་ཁག་གིས་འཐུས་སྒོ་ཚང་བའི་འགན་ལེན་བྱ་ཐབས་སྤྱད་པས། མཐོ་སྒང་གི་ཨར་སྐྲུན་ལས་འགྲོས་མྱུར་ལ་དྲོད་འཁོལ་ལྡན།
ད་སྐབས་རྩྭ་ཐང་གི་འགྲིམ་འགྲུལ་སྦྲེལ་ཐག་རིམ་གྱིས་ཆགས་བཞིན་ཡོད། མ་འོངས་པར། དེ་ཕྱི་རོལ་གྱི་འབྲེལ་ལམ་ཡིན་ལ་རེ་བས་ཁེངས་པའི་འཕེལ་རྒྱས་ཀྱི་ལམ་བུ་དང་ཕྱུག་འགྱུར་གྱི་ལམ་བུ་ཡིན། འཛུགས་སྐྲུན་པ་རྣམས་ཀྱིས་དངོས་སྒྲུབ་གྱི་སྨྱུག་རྩེ་བརྒྱུད། མཚོ་འཕགས་སྨི་3500ཡོད་པའི་མཐོ་སྒང་ས་ཁུལ་དུ་མཛོད་དགེ་ལ་དབང་བའི་ལེའུ་གསར་པ་འགོད་མུས་རེད།
