​སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་སྒྱུར། མཚམས་གཅོད། བསྟན་འཛིན་དབང་རྒྱལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༡༡

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས་ཚེས་9ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུ། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུ་བཅས་ཉན་པ་དང་གྲོས་ཞིབ་བྱས་ཤིང་། བཅའ་ཁྲིམས་གཙང་བཤེར་ལས་དོན་སྤེལ་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཀྱི་ཐག་གཅོད་བསམ་འཆར་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་ཞུར་གྲོས་ཞིབ་བྱས་ཡོད།

ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཚོགས་འདུར་ཞུགས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་ལ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་ཞུ་གནང་ཡོད། ཀྲའོ་ལེ་ཅི་ཡིས་སྙན་ཞུའི་ནང་། 2025ལོ་ནི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་རེད། ལོ་གཅིག་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བཅས་བྱས་ཐོག སྔར་ལས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱ་རྒྱུ་དང་ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་དམིགས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྱོང་ལ་དམ་པོར་གཞིགས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་རང་འགན་གཙང་ཁུར་བྱས་པས། ཕྱོགས་ཁག་གི་ལས་དོན་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་གྲུབ་འབྲས་གསར་པ་ཐོབ་ཡོད། དེ་ཡང་། གཅིག་ནི་རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་བྱས་ཡོད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་ཐེངས་གཉིས་བྱས་པ་དང་འབྲེལ་ད་ཐེངས་ཀྱི་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུར་ཕུལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད། ཐའེ་ཝན་སླར་གསོའི་དྲན་གསོའི་ཉིན་མོ་གཏན་འཁེལ་བྱས་ནས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་མི་རིགས་ལོ་རྒྱུས་དྲན་ཤེས་བརྟན་དུ་བཏང་ཡོད། རྩ་ཁྲིམས་དང་མཐུན་པའི་ཞིབ་བཤེར་དང་སྙན་སེང་ཐོ་འགོད་ཞིབ་བཤེར་ལས་ཀའི་སྤུས་ཚད་མཐོ་རུ་བཏང་ནས། རྩ་ཁྲིམས་ཀྱི་དགོངས་དོན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་བཏང་ཡོད། གཉིས་ནི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། སྤུས་ཚད་མཐོ་བའི་ཁྲིམས་འཛུགས་ལ་བརྟེན་ནས་བསྒྱུར་བཅོས་གོང་འཕེལ་ལ་ཞབས་ཞུ་བསྒྲུབས་པ་དང་འགན་སྲུང་བྱས་ཡོད། འཛུགས་བཅོས་གཏོར་དང་འགྲེལ་སྒྲིག་བཅས་ལ་གཅིག་གྱུར་འཆར་འགོད་བྱས་ཡོད་ཅིང་། ལོ་གཅིག་རིང་བཅའ་ཁྲིམས་དང་བཅའ་ཁྲིམས་ཀྱི་འགྲེལ་བཤད། ཆོད་དོན་འཆར་ཟིན་བཅས་ཁྱོན་ཁག་40ལ་གྲོས་ཞིབ་བྱས་ཡོད་པ་དང་། དེའི་ནང་བཅའ་ཁྲིམས་6གཏན་འབེབས་བྱས་པ་དང་བཅའ་ཁྲིམས་14ལ་བཟོ་བཅོས་བྱས་པ་སོགས་ཚུད་པའི་ཁག་24ལ་གྲོས་འཆམ་བྱུང་ཡོད། གསུམ་ནི་ལྟ་སྐུལ་གྱི་འགན་འཁྲི་བསྒྲུབས་ནས། མི་དམངས་འཐུས་ཚོགས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཐོན་པའི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཡོད། ཁྱོན་བསྡོམས་ལྟ་སྐུལ་ལས་དོན་གྱི་སྙན་ཞུ་22ཉན་ནས་གྲོས་ཞིབ་བྱས་པ་དང་། བཅའ་ཁྲིམས་ཁག་5ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་པ། ཆེད་དོན་འདྲི་རྩད་ཐེངས་2དང་ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཁག་11སྒྲིག་འཛུགས་བྱས་ནས་སྤེལ་བ། གྲོས་ཆོད་ཁག་1བཏོན་ཡོད། བཞི་ནི་འཐུས་མིའི་ལས་དོན་གཏིང་ཟབ་སྤེལ་བ་དང་རྒྱ་སྐྱེད་བཏང་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི་འཐུས་མིའི་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཐུས་མིའི་ལས་ཀའི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱུན་མཐུད་ཤུགས་བརྒྱབ་སྟེ། འཐུས་མིར་བརྟེན་ནས་ལས་དོན་ཁག་ལེགས་པར་བསྒྲུབས་པ་དང་། འཐུས་མིའི་ཁྲིམས་མཐུན་འགན་སྒྲུབ་ལ་རྒྱབ་སྐྱོར་དང་འགན་སྲུང་བྱས་ཡོད། ལྔ་ནི་མི་དམངས་འཐུས་ཚོགས་ཀྱི་ཕྱི་ཕྱོགས་འགྲོ་འོང་གི་ཁྱད་ཆོས་དང་བཟང་ཆ་འདོན་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་ཕྱི་འབྲེལ་གནས་བབ་ཧྲིལ་པོར་རང་འགུལ་ངང་ཞབས་འདེགས་ཞུས་ཡོད། དྲུག་ནི་རང་ངོས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་ཅེས་བསྟན་ཡོད།

སྙན་ཞུའི་ནང་། ཀྲའོ་ལེ་ཅི་ཡིས། ང་ཚོས་ལས་ཀའི་ཁྲོད་ད་དུང་ཧེ་བག་དང་མི་འདང་ས་ཁ་ཤས་ཡོད་པར་ངོས་འཛིན་གསལ་པོ་ཐུབ་པར་བྱས་ཏེ། ཁེངས་སྐྱུང་ངང་འཐུས་མི་དང་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འཆར་ཉན་པ་དང་། རང་རྟོགས་ངང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ། ལས་ཀར་རྒྱུན་ཆད་མེད་པར་ཤུགས་སྣོན་དང་ལེགས་བཅོས་བྱ་དགོས་ཞེས་བསྟན་ཡོད།

སྙན་ཞུའི་ནང་། ཀྲའོ་ལེ་ཅི་ཡིས། 2026ལོ་ནི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔའི་འགོ་ཚུགས་ལོ་ཡིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི་”ཆེ་རུ་གཏོང་བ་དང་“བློ་སྤོབས་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་རྒྱུན་འཁྱོངས་བྱེད་པ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ནས། བརྟན་པོའི་ངང་ཡར་རྒྱས་བརྩོན་ལེན་བྱེད་པའི་ཐོག་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་ཐུབ་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་ཡོད།

ཀྲའོ་ལེ་ཅི་ཡིས་སྙན་ཞུའི་ནང་སླད་ཕྱིན་ལོ་གཅིག་གི་ལས་འགན་ཐད་བཀོད་སྒྲིག་གནང་བ་སྟེ། རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་རྒྱུར་སྐུལ་འདེད་དང་རྩ་ཁྲིམས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་ནས། ཁྲིམས་འཛུགས་ཁྲོད་ཀྱི་རྩ་ཁྲིམས་ཀྱི་ལྟེ་བའི་གནས་བབ་དང་ནུས་པ་ཕྱོགས་ཡོངས་ནས་འདོན་སྤེལ་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་ལག་ལེན་མཐར་ཕྱིན་བསྟར་བར་འགན་སྲུང་བྱ་རྒྱུར་དམིགས་ཐོག གཙོ་གནད་ཁྱབ་ཁོངས་དང་། གསར་དར་ཁྱབ་ཁོངས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་བཅས་སུ་ཁྲིམས་འཛུགས་བྱ་ཤུགས་ཆེ་རུ་བཏང་ནས། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་པ། ལྟ་སྐུལ་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཚོད་འཛིན་ཐེབས་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་དང་། ཕྱོགས་ཁག་གི་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་ཞབས་ཞུ་དང་འགན་ལེན་བྱེད་པ་དང་། འཐུས་མིས་མི་དམངས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པར་རྒྱབ་སྐྱོར་བྱས་ཏེ། དམངས་ཀྱི་འདོད་བློ་དང་དམངས་ཀྱི་བློ་གྲོས་རྣམས་གྲོས་གཞི་གྲོས་འཆར་དང་གྲོས་ཞིབ་གཏམ་བཤད་ཁྲོད་སྔར་ལས་ལེགས་པར་མཚོན་པར་བྱ་དགོས་པ། མི་དམངས་འཐུས་ཚོགས་ཀྱིས་ཕྱི་ཕྱོགས་དང་འགྲོ་འོང་ཧུར་ཐག་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འགན་ནུས་དང་འགན་འཁྲིར་གཞི་རྐང་ཚུགས་ཏེ། ཕྱི་རྒྱལ་གྱི་གྲོས་ཚོགས་ཁང་དང་། དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གྲོས་ཚོགས་རྩ་འཛུགས་དབར་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། “ལས་ཁུངས་བཞི་”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་ཡིན།

མཇུག་ཏུ་ཀྲའོ་ལེ་ཅི་ཡིས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཐོག སེམས་ཤུགས་བརྟན་དུ་གཏོང་བ་དང་། བབ་བསྟུན་འཕྲལ་སྒྲུབ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྱོང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད་མཉམ་དུ་འབད་འཐབ་བྱེད་དགོས་ཞེས་གསུངས་ཡོད།

ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཀྲང་ཅུན་གྱིས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་ཞུའི་ནང་། 2025ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ནས། སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་འཛུགས་སྐྱོང་ལ་ཞབས་ཞུ་སྒྲུབ་རྒྱུར་ཤུགས་སྣོན་བརྒྱབ་པས། ལས་དོན་ཁག་ལ་འཕེལ་རིམ་གསར་པ་ཐོན་ཡོད། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གྱོད་གཞི་29154རྩིས་ལེན་བྱས་པ་དང་། གྱོད་གཞི་31958ཐག་གཅོད་བྱས་པ་དེ། དུས་མཚུངས་ལས་ཁག་སོ་སོར་16.5%དང་1.8%ཆག་ཡོད། རྒྱལ་ཡོངས་ཀྱི་རིམ་ཁག་ཁྲིམས་ཁང་གིས་གྱོད་གཞི་ཁྲི་3748.6བདག་སྤྲོད་འདྲི་གཅོད་དང་ལག་བསྟར་བཅས་བྱས་པ་དང་། གྱོད་གཞི་ཁྲི་3620འདྲི་གཅོད་དང་ལག་བསྟར་བྱེད་མཇུག་སྒྲིལ་བ་དེ། དུས་མཚུངས་ལས་ཁག་སོ་སོར་10.8%དང་8.9%འཕར་ཡོད་ཅེས་གསུངས་ཡོད།

དྲང་གཞག་དྲང་བདེན་ལ་བརྩི་སྲུང་ནན་པོ་ཞུ་རྒྱུར་དམིགས་ཏེ། ཀྲང་ཅུན་གྱིས་2025ལོའི་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཆུ་ཚད་མཐོ་བའི་བདེ་འཇགས་འགན་ལེན་བྱས་པ་དང་། སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་ཞབས་འདེགས་ཞུས་པ། སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཚོ་བར་སྲུང་སྐྱོང་བྱས་པ། སྤུས་ཚད་མཐོ་བའི་ཁྲིམས་འཛིན་ལ་བརྟེན་ནས་ཆུ་ཚད་མཐོ་བའི་སྒོ་དབྱེར་རམ་འདེགས་བྱས་པ། ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ཚད་ལྡན་ཡོང་བ་བྱས་པ། རང་རྟོགས་ངང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱས་པ་བཅས་ཡིན།

ཀྲང་ཅུན་གྱིས་སྙན་ཞུའི་ནང་། 2026ལོར། མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་ཡིད་ཆེས་བརྟན་དུ་གཏོང་བ། ཁྲིམས་སྐྱོང་དང་བསྒྱུར་བཅོས་དང་། གོང་འཕེལ། བརྟན་ལྷིང་བཅས་ཕན་ཚུན་མཐུན་སྦྱོར་ཡོང་བར་སྔར་བས་མཐོང་ཆེན་བྱེད་པ། སྤྱི་ཚོགས་དྲང་གཞག་དྲང་བདེན་ཡོང་བར་འགན་ལེན་དང་སྐུལ་འདེད་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱེད་པ། དུས་རབས་གསར་པའི་འདྲི་གཅོད་ལས་དོན་ལ་ཤུགས་སྣོན་རྒྱག་པ། “ལོ་ལྔ་ཚན་བཅོ་ལྔ་པ་”ཡི་འགོ་ཡག་པོ་འཛུགས་པར་ཁྲིམས་འཛིན་གྱི་ཞབས་ཞུ་དང་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས། ལྷག་བསམ་རྣམ་དག་ངང་འགན་འཁྲི་སྒྲུབ་པ་དང་། ཏན་ཏིག་དང་དངོས་སྒྲུབ་ངང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ། དྲང་སྲུང་གསར་གཏོད་དང་། དྲང་གཞག་ཁྲིམས་འཛིན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དོ་དམ་ནན་པོ་དང་ལྟ་སྐྱོང་ཡག་པོ་བྱས་ནས། ལས་འགན་ལྕི་པོ་འཁུར་ཐུབ་པའི་དུས་རབས་གསར་པའི་ཁྲིམས་ཁང་གི་ལས་དོན་མི་སྣ་ཕུལ་བྱུང་གསོ་སྐྱོང་བྱེད་པ། སེམས་ཤུགས་གཅིག་སྒྲིལ་དང་། དངོས་སྒྲུབ་འགན་འཁུར་བཅས་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་ཡོད།

ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཡིང་ཡུང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་ཞུའི་ནང་། 2025ལོར། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཁྱོན་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་ནང་ཧུར་ཐག་ཞུགས་ཏེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱེད་པ། ཁྲིམས་སྐྱོང་གི་འགན་འཁྲི་འཁུར་བ་བཅས་མཐའ་འཁྱོངས་བྱས་ནས། ཞིབ་དཔྱོད་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། གྱོད་གཞི་རེ་རེ་སྤུས་ཚད་དང་ཕན་འབྲས་ཆེ་བའི་སྒོ་ནས་ཡག་པོ་བསྒྲུབས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་ཞིབ་དཔྱོད་ལག་ལེན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བས། ཞིབ་དཔྱོད་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་རེད། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྱོན་བསྡོམས་གྱོད་གཞི་སྣ་ཚོགས་ཁྲི་346.7བསྒྲུབས་ཤིང་། དེའི་ནང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་གྱོད་གཞི་8151བསྒྲུབས་ཡོད་ཅེས་གསུངས་པ་རེད།

ཡིང་ཡུང་གིས་2025ལོའི་ལས་དོན་ལ་ཕྱིར་དྲན་བྱས་པ་སྟེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། སྤུས་མཐོའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་པ། དམངས་འཚོ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱས་པ། ཞིབ་དཔྱོད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། དྲང་གཞག་དྲང་བདེན་ཡོང་བར་སྐུལ་འདེད་བཏང་བ། ལྟ་སྐུལ་དང་ལེན་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས། ཞིབ་དཔྱོད་དབང་ཆ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་འཁོར་སྐྱོད་བྱ་རྒྱུ་འགན་ལེན་བྱས་པ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ། ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཡོད།

ཡིང་ཡུང་གིས་སྙན་ཞུའི་ནང་། 2026ལོར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ། ཁྲིམས་སྐྱོང་དེ་བསྒྱུར་འཕེལ་བརྟན་གསུམ་དང་མཐུན་སྦྱོར་ཡོང་བར་དེ་བས་མཐོང་ཆེན་བྱེད་པ། སྤྱི་ཚོགས་ཀྱི་དྲང་བདེན་དྲང་གཞག་ལ་འགན་ལེན་དང་སྐུལ་དེད་གཏོང་བར་དེ་བས་མཐོང་ཆེན་བྱེད་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟ་སྐུལ་ལས་ཁུངས་ཀྱི་འགན་འཁྲི་ལག་བསྟར་ཡག་པོ་བཅས་བྱེད་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གིས་ཞིབ་དཔྱོད་ལས་དོན་ལ་ལྟོས་མེད་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ནས། སྤུས་མཐོའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པ་དང་། ཞིབ་དཔྱོད་བྱེད་པ་དམངས་ཀྱི་ཆེད་དུ་ཡིན་པ་གཏིང་ཟབ་ངང་ལེགས་པར་སྒྲུབ་པ། ཞིབ་དཔྱད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཕན་གཏུག་བཤེར་ལ་ཤུགས་སྣོན་རྒྱག་པ། ཞིབ་དཔྱོད་དཔུང་ཁག་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་ཞེས་གསུངས་ཡོད།

གྲོས་ཚོགས་ཐོག་ད་དུང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་གཙང་བཤེར་ལས་དོན་སྤེལ་ཚུལ་དང་འབྲེལ་ཡོད་བཅའ་ཁྲིམས་དང་གཏན་འབེབས་ཀྱི་ཐག་གཅོད་བསམ་འཆར་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས་ཡོད་པ་རེད།

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་2878ཡིན་པ་དང་། དངོས་སུ་འཐུས་མི་2760ཞུགས་ཡོད་པ། མི་118ཞུགས་ཐུབ་མེད་པ། དངོས་སུ་ཞུགས་པའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

གྲོས་ཚོགས་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་གིས་གཙོ་སྐྱོང་གནང་ཡོད།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཡུས་ཝེ་གོ་དང་། ཝང་ཉིང་། ཝང་ཝེ་ཀྲུང་། ཝང་ཀྲུང་ལིན། ཝང་ཞའོ་ཧུའེ། ཝང་ཧའོ། པ་དབྱིན་ཁྲའོ་ལུའུ། ཧྥེང་ཧྥེ། ལིའུ་དབྱི་ལེའང་། ཏུའུ་ཅ་ཧའོ། ལི་ཤིའུ་ལིང་། དབྱང་ཞའོ་ཁྲའོ། ཝུའུ་ཞའོ་ཅུན། ཀྲང་ཧྲེང་རྨིན། ཁྲེན་ཞའོ་ཅང་། ལིན་ཝུའུ། ཀྲོའུ་ཙུའོ་དབྱི། ཀྲའོ་དབྱི་ཏེ། ཉི་ཡུའེ་ཧྥང་། ཧོང་ལི་ཤིན། ཧོང་ཆང་། ཧོང་ཁྲུའུ་ཕིང་། ལུའོ་ཧྲུའུ་ཀང་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་ཐོག་བཞུགས་ཡོད།