རྔ་བ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཝང་ཧྲུའུ་མིང་ལ་ཆེད་དོན་བཅར་འདྲི་བྱས།

རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། རྔ་བ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཝང་ཧྲུའུ་མིང་ལ་པེ་ཅིན་ནས་བཅར་འདྲི་བྱས་ནས། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་ལ་དགོངས་འཆར་དང་གྲོས་གཞི་བཏོན་པ་རེད། ཁོང་གིས་རྩྭ་ཐང་སྐྱེ་ཁམས་ཀྱི་ཁ་གསབ་བྱ་དགའི་སྲིད་ཇུས་ལེགས་སུ་གཏོང་བ་དང་། ཁྱད་པར་ཅན་དང་ཡུན་རིང་ནུས་ལྡན་གྱི་བྱ་དགའི་ཁ་གསབ་ལག་བསྟར་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཞན་པ་དང་། སྐྱེ་ཁམས་རིན་ཐང་གི་ཕན་འབྲས་སྒྱུར་བའི་ནུས་པ་མི་འདང་བ་སོགས་ཀྱི་ཞན་ཆ་སེལ་དགོས་པའི་གྲོས་འགོ་བཏོན་པ་རེད། མཛོད་དགེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་བརྟེན་ནས། འབྲོག་པའི་ལས་ཞུགས་གོ་སྐབས་ཇེ་མང་དང་ཡོང་འབབ་འཕར་བར་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཡུལ་སྐོར་དང་དེང་རབས་ཕྱུགས་ལས་གོང་འཕེལ་གཏོང་བ། དུས་མཚུངས་སུ་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། རིག་ལྡན་ལྟ་ཞིབ་མ་ལག་འཐུས་ཚང་དུ་གཏོང་བ། ས་གནས་རྩྭ་རིགས་གདམ་གསོ་བཅས་བྱེད་དགོས་པ་བསྟན།
ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་རིང་ལ། རྔ་བས་སྐྱེ་ཁམས་གཙིགས་སུ་འཛིན་པ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆུ་དང་རླུང་། འོད་བཅས་ཀྱི་གློག་ཤུགས་དང་ཆིང་ནུས་སོགས་འབག་མེད་གློག་ཤུགས་ཐོན་ལས་སྟོབས་ཆེར་གཏོང་བ་དང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་ནས། རྩྭ་ལྗང་དང་འབག་མེད་གློག་མཉམ་གནས་དང་། སྐྱེ་ཁམས་དང་དམངས་འཚོ་མཉམ་དར་གྱི་ལམ་བུ་གསར་པ་གཏོད་རྒྱུ་ཡིན་ཞེས་བཤད།
