འཐུས་མི་ཁོང་ནི་རྒྱལ་རོང་གི་རྒན་རྒོན་74ཡི་“དྲིན་ཆེན་ཨ་མ་”ཡང་རེད།
ནོར་ལྷ་འཁྲབ་པའི་རོལ་རྩེད་རྩེ་བ་དང་། བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོ་དང་མཉམ་དུ་གར་སྟེགས་ཐོག་འཁྲབ་སྟོན་བྱེད་པ། མཛུབ་མོའི་ཞབས་བྲོ་དང་ཚན་པ་གསུམ་པའི་ཞབས་བྲོ་ཞེས་པ་སོགས་འཁྲབ་པའི་ཉམས་བཟང་འདི་དག་ནི་གྲོང་ཁྱེར་ཆེ་གྲས་ཀྱི་བགྲེས་སོང་སློབ་ཆེན་གྱི་སློབ་གསེང་བྱེད་སྒོ་མིན་པར། འདི་ནི་རྒྱལ་རོང་ས་ཁུལ་གྱི་རྒན་རྒོན་74དང་90ལོའི་རྗེས་སུ་སྐྱེས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་རྒྱུན་གཏན་འཚོ་བ་རེད།

དགའ་རོགས་དུས་ཆེན་དང་བྱིས་པའི་དུས་ཆེན། མ་ཡུམ་དུས་ཆེན། ཨ་ཕའི་དུས་ཆེན་སོགས་མདོར་ན་ངའི་གྲོགས་པོ་རྒན་རྒོན་ཚོས་དུས་ཆེན་དེ་དག་ཚང་མ་དགའ་གཏོང་བྱེད་ཀྱི་ཡོད། བུད་མེད་དུས་ཆེན་གྱི་གྲ་སྒྲིག་ལས་དོན་ཚང་མ་ངས་ཁ་སང་ནས་གྲ་སྒྲིག་ཡག་པོ་བྱས་ཟིན་ཞེས་ཟླ་3ཚེས་8ཉིན་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་བར་གསེང་དུ། བཀྲ་ཤིས་དབང་མོས་ལག་ཐོགས་ཁ་པར་ལ་བལྟས་ནས་འདི་ལྟར་བཤད། བརྙན་ཤེལ་གྱི་ཕ་རོལ་དུ་རྒན་རྒོན་བཅུ་ཕྲག་ཁ་ཤས་ཀྱིས་མེ་ཏོག་གི་རྒྱན་ཆ་སྒྲིག་བཞིན་ཡོད་པ་དང་ཁོང་ཚོའི་གདོང་ན་བཞད་པའི་འཛུམ་མདངས་དེ་ས་མཐོའི་ཉི་འོད་དང་གཉིས་སུ་མེད།

བཀྲ་ཤིས་དབང་མོའི་ངག་ནས་བརྗོད་པའི་གྲོགས་པོ་རྒན་རྒོན་འདི་དག་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་དང་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་གྱི་རྒན་གསོ་ཁང་དུ་འཚོ་བ་སྐྱེལ་བཞིན་པའི་རྒན་རྒོན་རྣམ་པ་རེད། ལོ་18ལ་སླེབས་པའི་བཀྲ་ཤིས་དབང་མོ་རྒན་གསོ་ཁང་དེའི་ནད་སྐྱོང་མི་སྣ་བྱས་པ་ནས་བཟུང་། ཁོང་གིས་ལོ་17གྱི་དུས་ཚོད་སྤྱད་དེ་རྒན་གསོ་ཁང་དེ་རང་ཉིད་དང་རྒྱལ་རོང་ས་ཁུལ་གྱི་རྒན་རྒོན་ཚོའི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་འགྱུར་བར་བྱས་ཡོད།
ཁོང་ཚོར་བདག་སྐྱོང་བྱེད་པ་ནི་ཆུང་དུས་ཀྱི་རང་ཉིད་ལ་བདག་སྐྱོང་བྱེད་པ་དང་གཅིག་མཚུངས་ཡིན།

བཀྲ་ཤིས་དབང་མོ་ལོ་6ལ་སླེབས་དུས། ཁོང་གི་ཕ་མ་གཉིས་ཀ་སྟབས་མ་ལེགས་པར་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཞིག་གི་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད། ཁོང་དང་ནུ་མོ་གཉིས་ཀ་དམངས་སྲིད་ཁ་གསབ་དང་གཅེས་སེམས་མི་སྣའི་རོགས་སྐྱོར་འོག་འཚར་ལོངས་བྱུང་བ་རེད། ཆགས་ས་བརྟེན་ས་མེད་པའི་བྱིས་དུས་ཀྱི་འཚོ་བ་དེ་འདྲ་སྐྱེལ་མྱོང་ཡོད་པས་བཀྲ་ཤིས་དབང་མོས་ནམ་ཡང་ཁྱིམ་ཚང་གི་འཚོ་བ་སྐྱེལ་རྒྱུར་རེ་འདོད་ཆེན་པོ་བཅངས་ཡོད།
རྒན་གསོ་ཁང་ནང་གི་རྒན་རྒོན་མང་ཆེ་བ་ང་དང་འདྲ་བར་ཁྱིམ་ཞེས་པ་ཞིག་མེད། ངས་ཁོང་ཚོར་ཁྱིམ་ཚང་ཞིག་བསྐྲུན་འདོད་ཡོད་ལ་རང་ཉིད་ལའང་ཁྱིམ་ཚང་ཞིག་བསྐྲུན་འདོད་ཡོད་ཅེས་ནད་སྐྱོང་མི་སྣ་བྱེད་པའི་རྒྱུ་མཚན་གླེང་དུས་བཀྲ་ཤིས་དབང་མོས་འདི་ལྟར་བཤད།

འོན་ཀྱང་སྐབས་དེ་དུས་བཀྲ་ཤིས་དབང་མོའི་བློ་ཡུལ་ལའང་འཁོར་མ་མྱོང་བ་ཞིག་ནི། ཁོང་གིས་ཁྱིམ་འཚོལ་བའི་བསམ་ཚུལ་དང་བྱ་སྤྱོད་དེས་ཕྱིས་སུ་རང་ཉིད་དང་རྒན་གསོ་ཁང་འདིར་འགྱུར་ལྡོག་གཏོང་རྒྱུ་མ་ཟད། ད་དུང་རྒྱལ་ཡོངས་ཀྱི་རྒན་རྒོན་ཁྲི་ལྷག་ཙམ་གྱི་འཚོ་བར་ཡང་འགྱུར་ལྡོག་གཏོང་རྒྱུ་རེད།
རྒན་གསོ་ཁང་དུ་སླེབས་པའི་ཐོག་མའི་དུས་ཡུན་ནང་། བཀྲ་ཤིས་དབང་མོར་བསམ་ཡུལ་ལས་འདས་པའི་དཀའ་ཁག་མང་པོ་ཞིག་འཕྲད་ཡོད། སྐབས་དེར་ལོ་བཅོ་བརྒྱད་ལས་མེད་པའི་ཁོང་གིས་བཟོད་སྒོམ་བྱེད་དཀའ་ཤོས་དེ་ནི་སྤོ་བོ་རྣམས་ལ་གཟུགས་པོ་འཁྲུ་རྒྱུ་དང་སྐྱག་གཅིན་བཤོ་རྒྱུ་དེ་རེད། གནས་དེ་ལས་འབྲལ་དགོས་སྙམ་པའི་བསམ་བློ་ཐེངས་མང་འཁོར་མྱོང་ཡོད་ཀྱང་རྒན་རྒོན་ཚོའི་ཁེར་རྐྱང་དང་དགོས་མཁོ་མཐོང་སྐབས་ཁོང་གིས་ལས་ཀ་དེ་མུ་མཐུད་རྒྱུན་འཁྱོངས་བྱས་པ་རེད།

དེ་ནས་རིམ་བཞིན་རྒན་རྒོན་ཚོས་ལོ་ན་གཞོན་པའི་བུ་མོ་དེར་ཡིད་ཆེས་དང་སེམས་པ་བརྟེན་ཤུགས་ཇེ་ཆེར་ཕྱིན་ཡོད། བཀྲ་ཤིས་དབང་མོ་མཐོང་སྐབས་རྒན་རྒོན་ཚོས་སྤྲོ་སེམས་འཁོལ་བའི་ངང་ཁ་བརྡ་བྱེད་པ་དང་། ད་དུང་ཁོང་ལ་རང་ཉིད་ཀྱིས་ཡུན་རིང་ཉར་ནས་ཟ་མི་ཕོད་པའི་ཀ་ར་དང་ཁ་ཟས་སོགས་སྤྲོད་ཀྱི་ཡོད།
ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། བཀྲ་ཤིས་དབང་མོས་ནུས་ཤུགས་གང་ཡོད་བཏོན་ནས་རྒན་པ་རྣམས་ལ་དགའ་སྤྲོ་དང་བདེ་སྐྱིད་བསྐྲུན་གྱི་ཡོད། སྲོལ་རྒྱུན་དུས་ཆེན་ཡིན་ནའང་འདྲ་ཡང་ན་ཟླ་5ཚེས་20ཉིན་ལྟ་བུའི་དེང་རབས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་ཡིན་ནའང་འདྲ། བཀྲ་ཤིས་དབང་མོས་བློ་རྩེ་གཅིག་སྒྲིམ་གྱིས་ཡུལ་བབ་དང་བསྟུན་པའི་བྱེད་སྒོ་ཇུས་འགོད་བྱེད་ཀྱི་ཡོད། རྒན་གསོ་ཁང་ནང་གི་སྤོ་བོ་རྨོ་བོ་ཚོར་རང་སེམས་དགའ་བའི་མི་ཚེ་སྐྱེལ་རོགས་བྱེད་མཁན་འདྲ་འཕྲད་དུས། ཁོང་གིས་རྒྱ་སེ་མེ་ཏོག་དང་ཀ་ར་སོགས་གྲ་སྒྲིག་བྱས་ནས་ཁོང་ཚོ་དང་མཉམ་དུ་གཉེན་སྒྲིག་ལག་ཁྱེར་གསབ་ལེན་བྱེད་པར་བསྐྱོད་ཡོད།

ལོ་ལྟར་དཔྱིད་ཀྱི་དཔལ་ཡོན་བཞད་སྐབས་ཁོང་གིས་ད་དུང་ཞིང་པའི་སྤྲོ་སྐྱིད་ཁང་བཙལ་བ་དང་། ནད་ཀྱིས་མནར་ནས་ཉལ་སར་ལུས་པ་དང་འགྲོ་སྐྱོད་སྟབས་མི་བདེ་བའི་རྒན་རྒོན་རྣམས་ཁྲིད་དེ་དཔྱིད་ཀའི་མེ་ཏོག་གི་འདབ་མར་རེག་པ་དང་སྒོ་རའི་ཕྱི་རོལ་གྱི་དྲོད་འཇམ་དང་ཉི་འོད་ལ་རོལ་གྱི་ཡོད།
བཅར་འདྲི་བྱེད་རིང་། བཀྲ་ཤིས་དབང་མོས་མགྲོན་ཁང་གི་གཙང་སྦྲ་བྱེད་མཁན་ཨ་ཅག་མཐོང་སྐབས་གད་མོ་དགོད་བཞིན་མགྱོགས་མྱུར་མདུན་དུ་བསྐྱོད་དེ་ཁོང་མོར་འཐམ་པ་དང་། ངས་རྟག་ཏུ་མགྲོན་ཁང་གི་གཱ་ཁང་པའི་ནང་དུ་ལུས་ཀྱི་ཡོད་པས་ཨ་ཅག་དེས་ག་དུས་ཡིན་ཡང་ངར་སྒོ་ཕྱེ་རོགས་བྱེད་ཀྱི་རེད་ཅེས་བཤད། འོན་ཀྱང་བཀྲ་ཤིས་དབང་མོས་ག་དུས་ཡིན་ཡང་རྒན་རྒོན་ཚོའི་སྐྱེས་སྐར་དང་དགའ་ཕྱོགས་དག་བློ་ལ་གསལ་པོར་ངེས་པ་མ་ཟད། སྐྱེས་སྐར་ཉིན་མོར་ཁོང་ཚོར་བསམ་ཡུལ་ལས་འདས་པའི་ལེགས་སྐྱེས་རེ་གྲ་སྒྲིག་བྱེད་ཀྱི་ཡོད།

ལོ་17གྱི་དུས་ཚོད་ནང་། བཀྲ་ཤིས་དབང་མོས་རྒན་གསོ་ཁང་གི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་བདེན་དཔང་བྱས་པ་དང་། ཁོང་རང་ཉིད་ནས་ཀྱང་འགྱུར་ལྡོག་དེ་དག་ཡོང་བར་ནུས་ཤུགས་ཆེན་པོ་བཏོན་ཡོད།
2009ལོར་ལས་ཀར་ཞུགས་མ་ཐག་རྒན་གསོ་ཁང་དུ་དྲོད་ལེན་སྒྲིག་ཆས་དང་བརྙན་འཕྲིན་འཕྲུལ་ཆས་མེད། ཕྱིས་སུ་རྒན་གསོ་ཁང་གི་གནས་ཡང་ཐེངས་ཁ་ཤས་སྤོས་པ་རེད། 2014ལོར་རྒན་གསོ་ཁང་དུ་གློག་སྐས་དང་ཉི་ནུས་ཀྱི་ཆུ་ཚ་པོ་བཟོ་ཆས་དང་དྲོད་ལེན་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད། 2024ལོའི་རྒན་གསོ་ཁང་གསར་པར་ས་དྲོད་དང་ཆུ་ཚོད་24ཡི་ཆུ་ཁོལ། འཕུར་མཉེད་ཡོ་བྱད་སོགས་སྒྲིག་སྦྱོར་བྱས་པ་མ་ཟད། ད་དུང་གློག་བརྙན་ཁང་དང་KTV ཉི་འོད་དྲོད་ཁང་སོགས་བཀོད་སྒྲིག་བྱས་པ་དང་ཁང་པ་ཚང་མར་སྐུད་མེད་དྲ་བ་ཡང་ཤར་གཏོང་ཐུབ་ཡོད།

དེ་སྔ་རྒན་རྒོན་མང་པོ་ཞིག་གློག་སྐས་ནང་སྡོད་མི་ཤེས་པར་རྟག་ཏུ་གློག་སྐས་ཀྱི་སྒོ་འགྲམ་དུ་ལངས་ནས་སྒོ་ཕྱེ་རོགས་ཞེས་སྐད་རྒྱག་གི་རེད་ཅེས་བཀྲ་ཤིས་དབང་མོས་ཕྱིར་དྲན་བྱེད་བཞིན་དེ་ལྟར་བཤད། དེང་སང་རྒན་རྒོན་མི་ཉུང་བ་ཞིག་གིས་རིག་ནུས་ལག་ཐོགས་ཁ་པར་སྤྱོད་ཤེས་ཀྱི་ཡོད་པ་དང་བཀྲ་ཤིས་དབང་མོ་ཕྱིར་ལས་དོན་སྒྲུབ་པར་སྐྱོད་སྐབས། ཁོང་ཚོས་ཉི་མར་ལྡེ་བ་དང་ཤིང་འབྲས་ཟ་བའི་རྣམ་པ་པར་དུ་བླངས་ནང་ཁོང་ལ་སྐུར་གྱི་ཡོད།

རྒྱལ་ཡོངས་ཀྱི་རྒན་རྒོན་རྣམ་པའི་ཆེད་དུ་ཐབས་འདོན་ཇུས་འབུལ་བྱས་པ།
ལོ་བཞིའི་གོང་གི་རྒྱལ་ཡོངས་ཚོགས་ཆེན་གཉིས་སྐོང་འཚོགས་བྱེད་སྐབས་བཀྲ་ཤིས་དབང་མོ་སི་ཁྲོན་ནས་ཁ་བྲལ་ཐེངས་དང་པོ་ཡིན་ལ་ཁོང་གནམ་གྲུར་སྡོད་ཐེངས་དང་པོའང་ཡིན། ཁོང་གིས་ཆེད་མངགས་སྒེའུ་ཁུང་འགྲམ་གྱི་སྡོད་གནས་བདམས་ནས་སྒེའུ་ཁུང་ཕྱི་རོལ་གྱི་སྤྲིན་དཀར་པར་བརྒྱབ་པ་དང་།རྔ་བར་ཕྱིར་ལོག་ནས་རྒན་གསོ་ཁང་གི་རྒན་རྒོན་རྣམས་ལ་བསྟན་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་ཐོན་བྱུང་དུས། ངས་ངེད་རྒན་གསོ་ཁང་གི་རྒན་རྒོན་ཁོ་ནའི་ཆེད་དུ་མིན་པར། ད་དུང་རྒྱལ་ཡོངས་ཀྱི་རྒན་རྒོན་ཚོར་ཐབས་འདོན་ཇུས་འབུལ་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་རང་ཉིད་ཀྱི་ལས་འགན་སྒྲུབ་པའི་ལམ་ལ་ཕྱིར་དྲན་བྱེད་སྐབས་བཀྲ་ཤིས་དབང་མོས་འདི་ལྟར་བཤད།

ལོ་བཞིའི་རིང་ལ་བཀྲ་ཤིས་དབང་མོས་རྔ་བ་ཁུལ་གྱི་སྡེ་བ་མང་པོར་བརྟག་དཔྱད་ཞིབ་འཇུག་བྱེད་པར་ཕྱིན་པ་དང་། ས་མཐོའི་རྒན་གསོའི་དཀའ་གནད་དང་འགག་གནད་ལ་དམིགས་ནས་ཁོང་གིས་གྲོང་ཚོའི་ནང་སྤྱི་ཕན་རང་བཞིན་གྱི་ལས་གནས་བཙུགས་ཏེ་གྲོང་ཚོ་དེ་གའི་མི་རྣམས་ལ་གཞིས་སྲུང་རྒན་རྒོན་ལ་ལྟ་རྟོག་བྱེད་དུ་འཇུག་རྒྱུའི་གྲོས་འགོ་བཏོན་པ་དང་། འཐབ་ས་དང་པོའི་ནད་སྐྱོང་མི་སྣའི་སྐྱོ་སྡུག་གསལ་པོ་ཤེས་ཀྱི་ཡོད་པས་བཀྲ་ཤིས་དབང་མོས་ལག་ཁྱེར་ལ་བལྟས་ནས་གླ་ཕོགས་འཕར་བའི་རྣམ་པ་གཏོར་ཏེ་ལས་ཀའི་ལོ་ཚད་ལྟར་གླ་ཕོགས་འཕར་ནས་རྒན་གསོའི་ཤེས་ལྡན་མི་སྣ་གནས་ཐུབ་པ་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།མིག་སྔར་ཁོང་གིས་བཏོན་པའི་གྲོས་འགོ་མང་པོ་ཞིག་ལ་འབྲེལ་ཡོད་སྡེ་ཚན་གྱིས་ལན་ཆ་ཧུར་ཐག་བྱས་ཡོད།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་དམངས་འཚོའི་བརྗོད་དོན་གཙོ་བོའི་གསར་འགོད་པའི་ཚོགས་འདུའི་ཐོག དམངས་སྲིད་པུའི་པུའུ་ཀྲང་ལུའུ་ཀྲི་ཡོན་གྱིས་གསུངས་དོན། འབྱུང་འགྱུར་ལོ་ལྔའི་ནང་རྫོང་རིམ་པའི་ཕྱོགས་བསྡུས་རྒན་གསོའི་ཞབས་ཞུའི་དོ་དམ་ལས་སྟེགས་རྒྱུན་མཐུད་ངང་བསྐྲུན་ནས་ས་ཁོངས་ཀྱི་རྒན་གསོའི་ཞབས་ཞུའི་ལྟེ་གནས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཡུལ་བབ་དང་བསྟུན་ནས་གྲོང་ཚོ་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ས་ཚིགས་ཀྱི་ཁེབས་རྒྱ་ཆེ་རུ་བཏང་སྟེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་མཇུག་ཏུ་རྫོང་དང་ཤང་དང་གྲོང་ཚོ་བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་དྲ་རྒྱ་འཛུགས་ཐུབ་པ་བྱ་རྒྱུ་རེད།

བཀྲ་ཤིས་དབང་མོ་ཡིས་བལྟས་ན། ཁོང་གནས་སའི་རྒན་གསོ་ཁང་གི་འགྱུར་ལྡོག་ནི་ཀྲུང་གོའི་དམངས་འཚོའི་འགྱུར་ལྡོག་གི་བསྡུས་རིས་ཤིག་རེད། ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་ཁྱིམ་ཚང་ཆེན་པོ་འདིའི་ཁྲོད། རྒན་རྒོན་དེ་བས་མང་བ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད་ལ། ལོ་ལྔ་ཚན་རྗེས་མར་མུ་མཐུད་ཁོང་ཚོའི་འཚོ་བ་དང་སྡོད་སའི་ཁོར་ཡུག དེ་བཞིན་ཆ་རྐྱེན་སོགས་ཇེ་བདེ་ཇེ་ལེགས་སུ་འགྱུར་ངེས་རེད།
