ཞི་ཅིན་ཕིང་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་དཔལ་འབྱོར་ཞིང་ཆེན་ཆེན་པོས་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་བྱེད་པ་དང་ཉམས་མྱོང་གསོག་འཇོག་བྱེད་དགོས་ཞེས་ནན་སྟོན་གནང་།


ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་5ཉིན་གྱི་ཕྱི་དྲོ་ཁོང་གནས་སའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱེད་པར། དེ་བས་རྙོག་འཛིང་ཆེ་བའི་ཁོར་ཡུག་ལ་ཁ་གཏད་གཅོག་པ་དང་། དེ་བས་གཏིང་ཟབ་པའི་འགལ་ཟླ་ཐག་གཅོད་བྱེད་དགོས་ཀྱི་ཡོད། ཅང་སུའུ་སོགས་དཔལ་འབྱོར་ཞིང་ཆེན་ཆེན་པོ་བསྒྱུར་བཅོས་སྒོ་དབྱེའི་མདུན་གྲལ་དུ་གནས་པས། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད་བྱེད་པའི་ཐད་འབད་བརྩོན་བྱེད་པ་དང་ཉམས་མྱོང་གསོག་འཇོག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཅང་སུའུ་འཐུས་མི་ཚོགས་པས་གྲོས་ཞིབ་ཚ་ཚ་འུར་འུར་བྱས་ཤིང་། ཚོགས་རའི་རྣམ་པ་འཁྲུག་ཆ་དོད་པོ་ཡོད་པ་རེད། ཧྲི་ཀྲི་ཅུན་དང་། ཀྲང་ཞའོ་ཧུང་། ཧྲི་ལེ། དབྱང་ཧེང་ཅུན། ཀའོ་ཏེ་རུང་། ཀྲང་ཡུས་ཧྥེ་སོགས་འཐུས་མི་དྲུག་གིས་ཁག་སོ་སོར་བཟོ་ལས་ཅན་གསར་པར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་སྐུལ་སྤེལ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། སོན་ལས་ཀྱི་དཀའ་གནད་སེལ་བ། ལུས་རྩལ་སྙིང་སྟོབས་དར་སྤེལ་གཏོང་བ་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད།

ཚང་མའི་གཏམ་བཤད་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྟེ། སྲིད་གཞུང་གི་ལས་དོན་སྙན་ཞུར་མོས་མཐུན་ཡོད་ཚུལ་བསྟན་གནང་བ་མ་ཟད། ཅང་སུའུ་ཡིས་དོན་དངོས་དང་ཟུང་འབྲེལ་གནང་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་ཡོད།

ཞི་ཅིན་ཕིང་གིས། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་དེ་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུའི་ཐད་གལ་འགངས་ཧ་ཅང་ཆེན་པོ་ཡོད། དེའི་ཐད་ཅང་སུའུ་ཡི་རྨང་གཞི་ལེགས་ཙམ་ཡོད་པས། འབད་བརྩོན་ཆེན་པོས་མདུན་གྲལ་དུ་བསྐྱོད་དགོས། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་མི་སྣ་གོང་འཕེལ་ཡོང་བར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་དང་། ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གཏོར་ལ་ཤུགས་སྣོན་རྒྱག་པ་དང་ཚན་རྩལ་གྱི་མཐོ་སར་དམ་འཛིན་བྱེད་པའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱེད་པ། གསར་གཏོད་ཀྱི་འབྲེལ་ཐག་དང་ཐོན་ལས་ཀྱི་འབྲེལ་ཐག མ་དངུལ་གྱི་འབྲེལ་ཐག ཤེས་ལྡན་མི་སྣའི་འབྲེལ་ཐག་བཅས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ། ཚན་རྩལ་གྲུབ་འབྲས་ནུས་ཆེའི་བརྗེ་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་རྒྱུའི་ཐད་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ། སྲོལ་རྒྱུན་ཐོན་ལས་ལེགས་འགྱུར་རིམ་སྤོར་དང་། གསར་དར་ཐོན་ལས་སྐྱེད་སྲིང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་ཚད་བརྒལ་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐད་རྣམ་པ་གསར་པ་གཏོད་པ། བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ལ་ཚོད་འཛིན་ཐེབས་པའི་སྒྲིག་གཞི་ལམ་སྲོལ་གྱི་འགོག་རྐྱེན་མེད་པ་བཟོ་རྒྱུའི་ཐད་གྲུབ་འབྲས་གསར་པ་ཐོབ་རྒྱུར་བརྩོན་ལེན་བྱ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། དཔལ་འབྱོར་ཞིང་ཆེན་ཆེན་པོའི་གོང་འཕེལ་གྱི་རྨང་གཞི་བརྟན་པོ་དང་ཕྱི་ཕྱོགས་ཀྱི་བརྡབ་གསིག་འགོག་པའི་འཇོན་ནུས་ཆེན་པོ་ཡོད་ཚེ། གཞི་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བར་རམ་འདེགས་བྱེད་ཐུབ། ཅང་སུའུ་ཡིས་དཔལ་འབྱོར་གྱི་ལྡེམ་ཤུགས་ཆེ་རུ་གཏོང་བའི་ཐད་མུ་མཐུད་ཤུགས་རྒྱག་དགོས། ནང་ནང་རྐྱེན་སྟོབས་ཤུགས་དང་རང་ངོས་སྟོབས་ཆེར་གཏོང་བ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོའི་ནང་ཁྱོན་ཡོངས་ནས་མཉམ་འདྲེས་བྱས་ཏེ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་ཤར་གཏོང་ཐུབ་རྒྱུར་རམ་འདེགས་བྱ་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་དང་གོ་ལ་ཧྲིལ་པོའི་ཁྲོམ་ར་རྒྱ་ཁྱབ་ངང་གསར་འབྱེད་བྱས་ཏེ། རྒྱལ་སྤྱིའི་འཁོར་རྒྱུག་དང་མཉམ་འབྲེལ་སྔར་ལས་ཡག་པ་བྱ་དགོས། མ་མཐའི་མཚམས་ཐིག་གི་བསམ་བློར་བརྟེན་ནས་ཉེན་ཁ་སྣ་ཚོགས་སྔོན་འགོག་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་གྱི་དེང་རབས་ཅན་ཞིག་རེད། ཅང་སུའུ་ཡིས་དུས་བབ་གསར་པའི་འོག་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་དང་དམངས་འཚོའི་ལས་དོན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པར་བྱས་ཐོག ཇི་ལྟར་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་མངོན་འགྱུར་དང་། ཇི་ལྟར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་རྒྱུ། ཇི་ལྟར་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་སོགས་ཀྱི་ཞིབ་འཇུག་བྱ་གཞིར་རང་འགུལ་ངང་ལན་ཧུར་ཐག་བཏབ་ནས། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལ་ཕན་ནུས་ཇི་ཙམ་ལྡན་ན། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འགན་ལེན་དེ་ཙམ་གྱིས་ནུས་ལྡན་ཡོང་རྒྱུ་རེད། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བའི་སློབ་སྦྱོང་སློབ་གསོ་ནན་ཏན་ངང་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་“སྤྱི་དོན་དུ་ཏང་འཛུགས་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་པ། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པ། དངོས་འཛིན་དངོས་སྒྲུབ་”བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པར་ཁྲིད་སྟོན་བྱས་ཏེ། ལག་ལེན་དང་མི་དམངས། ལོ་རྒྱུས་བཅས་ཀྱི་ཞིབ་དཔྱད་དང་ལེན་བྱེད་ཐུབ་པའི་བྱས་འབྲས་དངོས་གཏོད་དགོས། ཏང་གཤིས་དང་ཏང་སྲོལ། ཏང་གི་སྒྲིག་ལམ་བཅས་ལ་མཉམ་དུ་དམ་འཛིན་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་གཉིས་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཕན་འབྲས་དངོས་ལ་བརྟེན་ནས་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་པ་དང་། བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་ཞུགས་ཡོད།
