སྲིད་གཞུང་གི་ལས་དོན་སྙན་ཞུའི་མྱུར་གཟིགས་དཔར་མ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྒྲིག་སྒྱུར། མཚམས་གཅོད། བསྟན་འཛིན་འཇམ་དཔལ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༦

སྤྱི་ཚེས་5ཉིན་གྱི་སྔ་དྲོར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་འགོ་ཚུགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་ཡོད། གཙོ་གནད་གཤམ་གསལ་ལྟར་ཏེ།

2025ལོའི་ལས་དོན་ཕྱིར་དྲན།

ལོ་གཅིག་རིང་། རང་རྒྱལ་གྱི་དཔལ་འབྱོར་ཐད་གནོན་ཤུགས་ཐེག་ནས་འཕར་སྣོན་བྱུང་བ་དང་། ལྡེམ་ཤུགས་ཆེན་པོ་མངོན་ཡོད།

ལོ་གཅིག་རིང་། རང་རྒྱལ་གྱི་གོང་འཕེལ་དེ་གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་བ་དང་དབྱར་མཚོ་རྒྱས་པ་ལྟར་གྱི་གསོན་ཤུགས་མངོན་ཡོད།

ཕྱོགས་བདུན་གྱི་གཙོ་གནད་ལས་དོན།

གཅིག་ནི་སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་ལེན་བསྟར་བ་དང་། དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བར་ཤུགས་བརྒྱབ་པ།

གཉིས་ནི་གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱས་པ།

གསུམ་ནི་བསྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་བཏང་བ་དང་། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཐོགས་མེད་ཡོང་བར་བྱས་པ།

བཞི་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་གོང་འཕེལ་ཡོང་བར་སྐུལ་སྤེལ་བཏང་བ།

ལྔ་ནི་དམངས་འཚོ་འགན་སྲུང་ལ་དམ་འཛིན་ཏན་ཏིག་བྱས་པ་དང་། སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་ཧུར་ཐག་བཏང་བ།

དྲུག་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་མགྱོགས་སུ་བཏང་བ་དང་། སྦགས་མེད་ཐཱན་ཉུང་གི་གོང་འཕེལ་ལ་སྐུལ་འདེད་བཏང་བ།

བདུན་ནི་སྲིད་གཞུང་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བརྒྱབ་པ་དང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་བ་བཅས་ཡིན།

ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་ལོ་ལྔའི་གོང་འཕེལ་གྲུབ་འབྲས།

དཔལ་འབྱོར་སྤྱི་འབོར་ལ་མཆོང་བརྒལ་གསར་པ་བྱུང་བ།

ཚན་རྩལ་དང་ཐོན་ལས་གསར་གཏོད་ལ་ཚད་བརྒལ་གསར་པ་བྱུང་བ།

བསྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་གསར་པ་སྤོས་པ།

དམངས་ཀྱི་འཚོ་བའི་བདེ་སྐྱིད་ཆུ་ཚད་གསར་པར་སླེབས་པ།

འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཡར་རྒྱས་གསར་པ་བྱུང་བ།

བདེ་འཇགས་འགན་སྲུང་ནུས་པ་མཐོར་འདེགས་གསར་པ་བྱུང་བ་བཅས་ཡིན།

ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་གི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན།

དམིགས་འབེན་དང་དམིགས་ཚད་གཙོ་བོ།

དཔལ་འབྱོར་གོང་འཕེལ་ཐད། འཕར་སྣོན་དང་གྲུབ་གཞི། ལས་ཆོད་བཅས་ལ་དམིགས་ནས་དམིགས་ཚད་ཁག་3བཏོན་ཡོད། དེའི་ཁྲོད་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཕར་སྣོན་དེ་ལུགས་མཐུན་གྱི་བར་ཁམས་སུ་རྒྱུན་འཁྱོངས་ཐུབ་པ་དང་ལོ་འཁོར་སོ་སོའི་གནས་ཚུལ་ལ་གཞིགས་ནས་འདོན་རྒྱུ་བཏོན་ཡོད།

གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བའི་ཐད། གསར་གཏོད་ལ་མ་འཇོག་དང་དེའི་ཕན་འབྲས་ལ་དམིགས་ནས་དམིགས་ཚད་ཁག་3བཏོན་ཡོད། དེའི་ཁྲོད་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་གྲོན་དངུལ་གཏོང་གྲངས་ཆ་སྙོམས་ལོ་རེར་7%ཡན་སྤོར་རྒྱུ་བཏོན་ཡོད།

དམངས་ཀྱི་འཚོ་བའི་བདེ་སྐྱིད་ཐད། དམིགས་སའི་རང་བཞིན་ལྡན་པའི་ངང་ལས་ཞུགས་དང་ཡོང་འབབ། སློབ་གསོ། སྨན་བཅོས། བདེ་ཐང་། “རྒན་བྱིས་གཉིས་”སོགས་ཀྱི་དམིགས་ཚད་ཁག་7བཏོན་ཡོད།

སྦགས་མེད་ཐཱན་ཉུང་ཐད། ཐཱན་ཉུང་གཏོང་དང་སྦགས་བཙོག་འབུད་བཤང་། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ལ་དམིགས་ཏེ་དམིགས་ཚད་ཁག་5བཏོན་ཡོད། དེའི་ཁྲོད་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་སྡེ་ཚན་རེའི་དབྱང་གཉིས་ཐཱན་འགྱུར་འབུད་ཚད་རིམ་རྩིས་བྱས་ན་17%གཅོག་རྒྱུ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་སྦགས་མེད་ཐཱན་ཉུང་རིགས་སྒྱུར་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་བཏོན་ཡོད།

བདེ་འཇགས་འགན་སྲུང་ཐད། འབྲུ་རིགས་དང་ནུས་རྒྱུའི་ཐོན་སྐྱེད་ནུས་པར་དམིགས་ནས་དམིགས་ཚད་ཁག་2བཏོན་ཡོད་ཅིང་། རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞིའི་འགན་སྲུང་གལ་ཆེན་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་རྒྱུ་བཅས་ཡིན་པ་རེད།

འཐབ་ཇུས་ཀྱི་ལས་འགན་གལ་ཆེན།

གཅིག་ནི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་འབུར་དུ་ཐོན་པར་བྱེད་པ།

གཉིས་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་རྒྱུ་དེ་འབུར་དུ་ཐོན་པར་བྱེད་པ།

གསུམ་ནི་མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་དེ་འབུར་དུ་ཐོན་པར་བྱེད་པ།

བཞི་ནི་གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་དེ་འབུར་དུ་ཐོན་པར་བྱེད་པ་བཅས་ཡིན།

ལས་གྲྭའི་རྣམ་གྲངས་གལ་ཆེན།

《རྩ་གནད་(འཆར་ཟིན་)》ནང་ཕྱོགས་6ཐད་ཀྱི་ལས་གྲྭའི་རྣམ་གྲངས་གལ་ཆེན་109བཏོན་ཡོད་པ་སྟེ།

སྤུས་གསར་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་ཐད་ཀྱི་རྣམ་གྲངས་28དང་།

དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྱོང་ཐད་ཀྱི་རྣམ་གྲངས་23

གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་རྣམ་གྲངས་9

དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བའི་ཐད་ཀྱི་རྣམ་གྲངས་25

སྦགས་མེད་ཐཱན་ཉུང་རིགས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་རྣམ་གྲངས་18

གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་ཐད་ཀྱི་རྣམ་གྲངས་6བཅས་ཡིན།

2026ལོའི་གོང་འཕེལ་གྱི་སྔོན་དཔག་དམིགས་འབེན་གཙོ་བོ།

དཔལ་འབྱོར་4.5%ནས་5%བར་འཕར་སྣོན་ཡོང་བ་བྱ་རྒྱུ་དང་། དོན་དངོས་ལས་དོན་ཁྲོད་མཇུག་འབྲས་དེ་བས་ལེགས་པ་ཐོབ་པའི་བརྩོན་ལེན་བྱ་རྒྱུ།

གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད་5.5%ཡས་མས་ལ་ཚོད་འཛིན་བྱ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1200ཡན་གསར་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ།

གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2%ཡས་མས་ཟིན་པ་བྱ་རྒྱུ།

གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཉིས་དུས་མཉམ་ཡོང་བ་བྱ་རྒྱུ།

རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ།

འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.4ཡས་མས་ཟིན་པ་བྱ་རྒྱུ།

རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་གི་སྡེ་ཚན་རྐྱང་པའི་དབྱང་གཉིས་ཐཱན་འགྱུར་འབུད་བཤངས་བྱེད་ཚད་3.8%ཡས་མས་ཆག་པ་བྱ་རྒྱུ་བཅས་རེད།

སྲིད་ཇུས་ཁ་ཕྱོགས།

མུ་མཐུད་ནས་དེ་བས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱ་རྒྱུ།

མུ་མཐུད་ནས་ལྷུག་གཏོང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱ་རྒྱུ།

བསྒྱུར་བཅོས་བྱེད་ཐབས་དང་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུ།

2026ལོའི་སྲིད་གཞུང་ལས་དོན་གྱི་ལས་འགན།

གཅིག རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུ།

འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱ་རྒྱུ།

ནུས་ཡོད་ཀྱི་མ་འཇོག་གཏིང་ཤུགས་སྔོག་འདོན་དང་འདོན་སྤེལ་གང་ལེགས་བྱ་རྒྱུ།

གཉིས། སྒུལ་ནུས་གསར་པ་གསོ་སྤེལ་དང་སྟོབས་ཆེར་གང་མགྱོགས་གཏོང་རྒྱུ།

སྲོལ་རྒྱུན་ཐོན་ལས་ལེགས་སྒྱུར་དང་རིམ་སྤོར་བྱ་རྒྱུ།

གསར་དར་ཐོན་ལས་དང་འབྱུར་འགྱུར་ཐོན་ལས་གསོ་སྤེལ་དང་སྟོབས་ཆེར་གཏོང་རྒྱུ།

ཞབས་ཞུའི་ལས་རིགས་ཀྱི་ནུས་པ་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་རྒྱུ།

རིག་ནུས་དཔལ་འབྱོར་གྱི་རྣམ་པ་གསར་པ་གཏོད་རྒྱུ།

གསུམ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མགྱོགས་སུ་གཏོང་རྒྱུ།

ཐོག་མའི་གསར་གཏོད་དང་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་རྒྱུ།

ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ།

སློབ་གསོ་དང་ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་གོང་འཕེལ་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ།

བཞི། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་རྒྱུ།

རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ།

ནོར་ཁྲལ་དངུལ་རྩའི་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ།

རིགས་ཁག་གི་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱ་རྒྱུ།

ལྔ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་སྔར་བས་རྒྱ་སྐྱེད་གཏོང་རྒྱུ།

རང་བརྟེན་སྒོ་དབྱེ་ཧུར་ཐག་ངང་རྒྱ་སྐྱེད་གཏོང་རྒྱུ།

ཕྱི་ཕྱོགས་ཉོ་ཚོང་གི་གཞི་ཁྱོན་བརྟན་པོ་དང་གྲུབ་གཞི་ལེགས་གཏོང་ལ་སྐུལ་འདེད་གཏོང་རྒྱུ།

ཕྱོགས་གཉིས་མ་འཇོག་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ།

སྤུས་ཚད་མཐོ་པོས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་བྱ་རྒྱུ།

དྲུག གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ།

ལྷོད་གཡེང་སྤུ་ཙམ་ཡང་མེད་པར་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱ་རྒྱུ།

རྒྱུན་རྣམ་ཅན་གྱི་གནད་སྨིན་རོགས་སྐྱོར་ལག་ལེན་བསྟར་རྒྱུ།

གྲོང་གསེབ་ཀྱི་བསྒྱུར་བཅོས་གོང་འཕེལ་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུ།

བདུན། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ།

མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུ།

ས་ཁོངས་གོང་འཕེལ་གྱི་མཐུན་སྦྱོར་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ།

བརྒྱད། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ།

སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ།

སློབ་གསོ་དྲང་གཞག་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་རྒྱུ།

གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ།

སྤྱི་ཚོགས་འགན་སྲུང་དང་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ།

མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྔར་ལས་ལེགས་པའི་སྒོ་ནས་སྐོང་རྒྱུ།

དགུ། ཕྱོགས་ཡོངས་ནས་སྦགས་མེད་རིགས་བསྒྱུར་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ།

འབྱུང་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

སྦགས་མེད་ཐཱན་ཉུང་གི་དཔལ་འབྱོར་གོང་འཕེལ་ཤུགས་ཆེན་གཏོང་རྒྱུ།

ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ལ་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་གཏོང་རྒྱུ།

བཅུ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་སྔོན་འགོག་སེལ་ཐབས་དང་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ།

ས་ཁང་བདག་ཁོངས་ཁྲོམ་ར་བརྟན་པོ་ཡོང་རྒྱུར་ཤུགས་རྒྱག་རྒྱུ།

ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་གོ་རིམ་ལྡན་པའི་ངང་ཧུར་ཐག་གིས་སེལ་རྒྱུ།

དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་བརྟན་པོའི་ངང་ཧུར་ཐག་གིས་སེལ་རྒྱུ།

རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་བཅས་ཡིན།