སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་ཚོགས་འགོ་ཚུགས། ཞི་ཅིན་ཕིང་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
སྒྲིག་སྒྱུར། མཚམས་གཅོད། བསྟན་འཛིན་འཇམ་དཔལ། རིན་དབང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༦

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་དུ་ཚོགས་འགོ་ཚུགས།

ཞི་ཅིན་ཕིང་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས།

ལི་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་། ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་།

ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ཀྱི་འཆར་ཟིན་ལ་ཞིབ་བཤེར་གནང་།

འབྱུང་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འཆར་ཟིན་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན། རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་བཅས་སྐོར་གྱི་གསལ་བཤད་སོགས་གསན་ཡོད།

སྤྱི་ཚེས་5ཉིན་གྱི་སྔ་དྲོར། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་འཚོགས་འགོ་ཚུགས་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་སྤྲད་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབས་ཡོད།

མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་གྱི་རྣམ་པ་སྒམ་བརླིང་དང་སྤྲོ་སྣང་གིས་ཕྱུག་ཅིང་། ཀྲུའུ་ཞི་སྟེགས་བུའི་ཡོལ་བའི་དཀྱིལ་དབུས་སུ་བཀལ་བའི་རྒྱལ་རྟགས་དེ་དར་དམར་གྱི་རྒྱན་སྤྲས་འོག་བཀྲག་མདངས་སྔར་བས་འཚེར།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲའོ་ལེ་ཅི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་ཡོད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ལི་ཧུང་ཀྲུང་དང་། ཝང་ཏུང་མིང་། ཞའོ་ཅེ། ཀྲེང་ཅན་པང་། ཏིང་ཀྲུང་ལི། ཚའེ་ཏ་ཧྥེང་། ཧོ་ཝུའེ། ཝུའུ་ཝུའེ་ཧྭ། ཐིའེ་ཉིང་། ཕེང་ཆིང་ཧྭ། ཀྲང་ཆིང་ཝུའེ། བློ་བཟང་རྒྱལ་མཚན། ཞོལ་ཁེ་ལའེ་ཐི·ཀྲ་ཁེར། ལིའུ་ཆི་བཅས་ཀྲུའུ་ཞི་སྟེགས་བུའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་ཐོག་འཁོད་ཡོད།

ཞི་ཅིན་ཕིང་དང་། ལི་ཆང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།

སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པར་ཞུགས་དགོས་པའི་འཐུས་མི་2878ཡིན། ཚེས་5ཉིན་གྱི་སྔ་དྲོའི་ཚོགས་འདུར་མི་2765ཞུགས་པ་དང་། མི་113ཞུགས་ཐུབ་མེད་པ། ཚོགས་འདུར་ཞུགས་མཁན་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།

སྔ་དྲོའི་ཆུ་ཚོད་9པར། ཀྲའོ་ལེ་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་ཡོད། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཡོད།

གྲོས་ཚོགས་ཀྱི་གྲོས་རིམ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་ཞུ་གནང་བ་རེད། སྙན་ཞུ་དེ་ཁྱོན་ཆ་ཤས་བཞི་ལ་དབྱེ་ཡོད་པ་སྟེ། གཅིག 2025ལོའི་ལས་དོན་ལ་ཕྱིར་དྲན་དང་། གཉིས། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རིང་གི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན། གསུམ། 2026ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། བཞི། 2026ལོའི་སྲིད་གཞུང་གི་ལས་དོན་ལས་འགན་བཅས་ཡིན་པ་རེད།

ལི་ཆང་གིས་སྙན་ཞུའི་ནང་། 2025ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་ཕྱིན་པའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་དཀའ་ངལ་ཁག་གདོང་གིས་བསུས་ཏེ་མདུན་དུ་བསྐྱོད་པ་དང་། འབད་བརྩོན་ཆེར་སྐྱེད་བྱས་ཤིང་། བློ་བརྟན་འགྱུར་མེད་ངང་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བཅས་བྱས་པས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་གཙོ་བོ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་ཞིང་། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་གསར་པ་བརྟན་པོ་ཞིག་སྤོས་ཡོད་ཅེས་བསྟན་ཡོད།

ལི་ཆང་གིས་སྙན་ཞུའི་ནང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལོ་གཅིག་རིང་གཙོ་བོ་གཤམ་གསལ་གྱི་ལས་དོན་བསྒྲུབས་ཡོད་པ་སྟེ། གཅིག་ནི་སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་ལེན་བསྟར་ནས། དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བར་ཤུགས་བརྒྱབ་པ་དང་། གཉིས་ནི་གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱས་པ། གསུམ་ནི་བསྒྱུར་བཅོས་སྒོ་དབྱེ་སྔར་བས་གཏིང་ཟབ་ཏུ་བཏང་ནས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཐོགས་མེད་ཡོང་བར་བྱས་པ། བཞི་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་གོང་འཕེལ་ཡོང་བར་སྐུལ་སྤེལ་བཏང་བ། ལྔ་ནི་དམངས་འཚོ་འགན་སྲུང་ལ་དམ་འཛིན་ཏན་ཏིག་བྱས་པ་དང་། སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་ཧུར་ཐག་བཏང་བ། དྲུག་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་། སྦགས་མེད་ཐཱན་ཉུང་གི་གོང་འཕེལ་ལ་སྐུལ་འདེད་བཏང་བ། བདུན་ནི་སྲིད་གཞུང་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བརྒྱབ་པ་དང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་བ་བཅས་ཡིན་ཞེས་བསྟན་ཡོད།

ལི་ཆང་གིས་སྙན་ཞུའི་ནང་། འདས་ཟིན་པའི་ལོ་5ཡི་ནང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་འགོ་ཡག་པོ་བཙུགས་ཡོད། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་《རྩ་གནད་》ནང་གཏན་འཁེལ་བྱས་པའི་དམིགས་ཚད་གཙོ་བོ་ཁག་20དང་། འཐབ་ཇུས་ལས་འགན་གལ་ཆེན17 ལས་གྲྭའི་རྣམ་གྲངས་གལ་ཆེན་102བཅས་རྒྱལ་ཁའི་ངང་ལེགས་འགྲུབ་བྱས་ཡོད་ཅེས་བསྟན་ཡོད།

ལི་ཆང་གིས་སྙན་ཞུའི་ནང་།《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པ་བཟོ་རྒྱུའི་སྐོར་གྱི་གྲོས་འཆར་》གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་(འཆར་ཟིན་)》བཟོས་ནས། ཚོགས་ཆེན་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་ཡོད། ཏང་ཀྲུང་དབྱང་གི་《གྲོས་འཆར་》ནང་ཁ་གསལ་བཏོན་པའི་དམིགས་ཚད་གཙོ་བོ་ལག་བསྟར་དོན་འཁྱོལ་བྱས་ཏེ། 《རྩ་གནད་(འཆར་ཟིན་)》ནང་ཞིབ་ཕྲའི་དམིགས་ཚད་གཙོ་བོ་ཁག་20བཏོན་པ་དང་། ཁྱབ་ཁོངས་དབྱེ་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་གོང་འཕེལ་གྱི་འཐབ་ཇུས་ལས་འགན་གལ་ཆེན་རྒྱས་བཤད་བྱས་ཤིང་། ཕྱོགས་བཞི་འབུར་དུ་ཐོན་པར་བྱས་པ་སྟེ། གཅིག་ནི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་འབུར་དུ་ཐོན་པར་བྱས་པ་དང་། གཉིས་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་རྒྱུ་འབུར་དུ་ཐོན་པར་བྱས་པ། གསུམ་ནི་མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་རྒྱུ་འབུར་དུ་ཐོན་པར་བྱས་པ། བཞི་ནི་གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་འབུར་དུ་ཐོན་པར་བྱས་པ་བཅས་ཡིན། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་རྒྱུར་དམིགས་ནས། འཐབ་ཇུས་རང་བཞིན་དང་། འདྲུད་འཐེན་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་གཅིག་གྱུར་གྱིས་བསམ་གཞིགས་བྱས་ཏེ། 《རྩ་གནད་(འཆར་ཟིན་)》ནང་ཕྱོགས་6ཐད་ཀྱི་ལས་གྲྭ་གལ་ཆེན་ཁག་109བཏོན་ཡོད་ཅེས་བསྟན་ཡོད།

ལི་ཆང་གིས་སྙན་ཞུའི་ནང་། ད་ལོའི་གོང་འཕེལ་གྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། དཔལ་འབྱོར་4.5%ནས་5%བར་འཕར་སྣོན་ཡོང་བ་བྱ་རྒྱུ་དང་། དོན་དངོས་ལས་དོན་ཁྲོད་མཇུག་འབྲས་དེ་བས་ལེགས་པ་ཐོབ་པའི་བརྩོན་ལེན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད་5.5%ཡས་མས་ལ་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི་1200ཡན་གསར་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་2%ཡས་མས་ཟིན་པ་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཉིས་གོམ་མཚུངས་ཡོང་བ་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.4ཡས་མས་ཟིན་པ་བྱ་རྒྱུ། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྡེ་ཚན་རེ་རེའི་དབྱང་གཉིས་ཐཱན་འགྱུར་འབུད་བཤངས་བྱེད་ཚད་3.8%ཡས་མས་ཆག་པ་བྱ་རྒྱུ་བཅས་ཡིན་ཞེས་བསྟན་ཡོད།

ལི་ཆང་གིས་སྙན་ཞུའི་ནང་། ཏང་ཀྲུང་དབྱང་གིས་ད་ལོའི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་མཛད་ཡོད་པས། ང་ཚོས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ་སྟེ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུ་དང་། སྒུལ་ནུས་གསར་པ་གསོ་སྤེལ་དང་སྟོབས་ཆེར་གང་མགྱོགས་གཏོང་རྒྱུ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མགྱོགས་སུ་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་རྒྱུ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་སྔར་བས་རྒྱ་སྐྱེད་གཏོང་རྒྱུ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ། ཕྱོགས་ཡོངས་ནས་སྦགས་མེད་རིགས་བསྒྱུར་ལ་སྐུལ་འདེད་མགྱོགས་སུ་གཏོང་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་དང་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཡིན་ཞེས་བསྟན་ཡོད།

སྙན་ཞུའི་ནང་། ལི་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་དང་། མི་རིགས་དང་ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་གྱི་གོང་འཕེལ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་གསལ་འགྲེལ་གནང་ཡོད།

གྲོས་ཚོགས་ཀྱི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་གྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་ཞུ་དང་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་ཞུ་དང་། དེ་བཞིན་2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་ཡོད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་ཁག་སོ་སོར་འབྱུང་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འཆར་ཟིན་སྐོར་གྱི་གསལ་བཤད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་སྐོར་གྱི་གསལ་བཤད། རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་གནང་ཡོད།

འབྱུང་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འཆར་ཟིན་སྐོར་གྱི་གསལ་བཤད་ནང་། འབྱུང་ཁམས་ཁོར་ཡུག་གི་ཁྲིམས་གཞུང་རྩོམ་སྒྲིག་བྱས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལམ་ལུགས། ལག་ལེན་གྱི་གྲུབ་འབྲས་བཅས་ཁྲིམས་གཞུང་ཅན་གྱི་རྣམ་པའི་ཐོག་ནས་གཏན་འཁེལ་གྱིས་འབྱུང་ཁམས་ཁོར་ཡུག་གི་བཅའ་ཁྲིམས་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ཡོད་པས། དེར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། འབྱུང་ཁམས་ཁོར་ཡུག་གི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་མཛུབ་སྟོན་དགོངས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི་”ཆེ་རུ་གཏོང་བ་དང་། “བློ་སྤོབས་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པར་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་རྒྱུན་འཁྱོངས་བྱེད་པ། “གནས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ་དང་“ཁྱོན་ཡོངས་བཞི་”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། སྔར་ལས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུར་དམིགས་པ། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པར་བྱེད་པ། སྤུས་མཐོའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྦགས་བཙོག་འགོག་བཅོས་དང་འབྱུང་ཁམས་སྲུང་སྐྱོང་། སྦགས་མེད་ཐཱན་ཉུང་གོང་འཕེལ་སོགས་ཐད་ཀྱི་འབྱུང་ཁམས་ཁོར་ཡུག་བཅའ་ཁྲིམས་ཀྱི་ལམ་ལུགས་ལམ་སྲོལ་དང་སྒྲིག་སྲོལ་ཚད་གཞི་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་རྩོམ་སྒྲིག་བཟོ་བཅོས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་གྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པ། མི་དམངས་ཀྱི་འདོད་བློ་མཚོན་པ། བརྒྱུད་རིམ་ལྡན་པ་དང་ཚད་ལྡན་མཐུན་སྦྱོར་བཅས་ཀྱི་འབྱུང་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ཞིག་ཆགས་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཆེད་དུ་འཐུས་སྒོ་ཚང་བའི་འབྱུང་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་འགན་སྲུང་བྱེད་དགོས་པ་དེ་ཡིན། གསལ་བཤད་གཞིར་བཟུང་། འཆར་ཟིན་དེར་ཁྱོན་ལེ་ཚན་5དང་དོན་ཚན་1242ཡོད་ཅིང་། ཁག་སོ་སོར་སྤྱིའི་རྩ་འཛིན་དང་། སྦགས་བཙོག་འགོག་བཅོས། འབྱུང་ཁམས་སྲུང་སྐྱོང་། སྦགས་མེད་ཐཱན་ཉུང་གོང་འཕེལ། བཅའ་ཁྲིམས་ཀྱི་འགན་འཁྲི་དང་ཞར་བྱུང་དོན་ཚན་བཅས་ཡོད་ཅེས་བསྟན་འདུག

མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ལ་གཞི་རྐང་འཛུགས་པ། རྩ་ཁྲིམས་ཀྱི་གཏན་འབེབས་དང་རྩ་དོན། དགོངས་དོན་བཅས་ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་གཏན་ལ་ཕབ་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཡོད་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་རིགས་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་ཐིག་ཏུ་བྱེད་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྤུས་མཐོའི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། འཆར་ཟིན་དེར་གླེང་གཞིའི་ཐོག་ས་བཅད་བདུན་ཡོད་པའི་རྣམ་པ་སྤྱད་ཡོད་ཅིང་། ཁྱོན་དོན་ཚན་64ཡོད་པ་རེད།

རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་། དུས་ཡུན་རིང་པོའི་རྒྱལ་ཁབ་གོང་འཕེལ་འཆར་འགོད་ཀྱི་ལེགས་གྲུབ་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ཏེ། རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས་གཏན་ལ་ཕབ་ནས་རྒྱལ་ཁབ་གོང་འཕེལ་འཆར་འགོད་ལས་དོན་གྱིས་རྒྱུན་འཁྱོངས་བྱེད་དགོས་པའི་མཛུབ་སྟོན་བསམ་བློ་དང་རྩ་དོན་གྱི་འདུ་ཤེས་ཁ་གསལ་བཟོ་བ་དང་། རྒྱལ་ཁབ་གོང་འཕེལ་གྱི་འཆར་འགོད་བཟོ་འགོད་དང་། ཞིབ་བཤེར། ཆོག་མཆན། ལག་བསྟར། དེ་བཞིན་ལྟ་སྐུལ་སོགས་ཀྱི་ཞིབ་ཕྲའི་ལས་རིམ་ལ་ཁྱོན་ཡོངས་དང་བརྒྱུད་རིམ་ལྡན་པའི་གཏན་འབེབས་བྱས་ཏེ། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་གོང་འཕེལ་འཆར་འགོད་བཟོ་འགོད་དང་ལག་བསྟར་ནུས་ལྡན་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་བྱས་ཡོད། ཁྲིམས་འཛུགས་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། དུས་ཡུན་རིང་པོ་དང་ལྷག་པར་དུ་དུས་རབས་གསར་པའི་ཚུན་གྱི་རྒྱལ་ཁབ་གོང་འཕེལ་འཆར་འགོད་ལས་དོན་གྱི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། རྩ་ཁྲིམས་གཞི་འཛིན་སར་བྱས་ནས་ལོ་མང་རིང་སྤྱོད་གོ་ཆོད་པའི་བྱེད་ཐབས་དེ་བཅའ་ཁྲིམས་ལམ་ལུགས་ཀྱི་ཚད་གཞིར་གཏན་འཁེལ་བྱེད་པ། རྒྱལ་ཁབ་གོང་འཕེལ་འཆར་འགོད་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་པ། རྒྱལ་ཁབ་གོང་འཕེལ་འཆར་འགོད་ཀྱི་འཐབ་ཇུས་ཁྲིད་སྟོན་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱེད་པ། རྒྱལ་ཁབ་ཀྱི་ལམ་ལུགས་བཟང་ཆ་དང་བཅོས་སྐྱོང་ཕན་ནུས་སྔར་ལས་ལེགས་པར་འདོན་སྤེལ་བཅས་བྱས་ཡོད་ཅེས་བསྟན་འདུག འཆར་ཟིན་དེ་ས་བཅད་6ལ་དབྱེ་ཡོད་ཅིང་། ཁྱོན་དོན་ཚན་38ཡོད།

ཀྲུའུ་ཞི་སྟེགས་བུའི་ཐོག་ད་དུང་ཝང་དབྱི་དང་། དབྱིན་ལི། ཧྲི་ཐའེ་ཧྥེང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཧོ་ལི་ཧྥེང་། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་རྨིན་ཨར། ཡོན་ཅ་ཅུན། ཧོང་ཁུན་རྨིན། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཀྲང་ཧྲེང་རྨིན། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན། ཀྲང་ཅུན། དབྱིན་ཡུང་། ཧུའུ་ཁྲུན་ཧྭ། ཧྲེན་གཡོད་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ·དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལིའང་ཀྲེན་དབྱིན། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཤིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། ཡང་ཀྲེན་སོགས་ཡོད།

ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ཚོགས་འདུར་ཟུར་ཞུགས་གནང་བ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ཚན་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། མི་དམངས་ཚོགས་པ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་ཚོགས་ཆེན་ལ་ཟུར་ཞུགས་གནང་བའམ་ཟུར་ཉན་གནང་ཡོད།

ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉས་ཚོགས་ཆེན་ཟུར་ཉན་གནང་ཡོད།