བོད་ལྗོངས་མེ་ཏོག་རྫོང་དུ་འབུ་སྲིན་རིགས་གསར་པ་ཞིག་རྙེད་འདུག

ཡོང་ཁུངས། ཁམས་པའི་བརྙན་འཕྲིན་ཁང་།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༣ ཚེས་ ༣

ཉེ་ཆར་གསར་འགོད་པས། བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་འཇུག་ཁང་གི་ཟླ་བའི་གསར་གཏོད་ལས་དོན་ཁང་དང་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱི་ཚན་རིག་ཞིབ་འཇུག་མི་སྣ་ལས་གྲུབ་པའི་མཉམ་འབྲེལ་རྟོག་ཞིབ་ཚོགས་པས་བོད་ལྗོངས་མེ་ཏོག་རྫོང་དུ་ཆུ་སྐྱེས་སྐྱེ་དངོས་ལ་བརྟག་དཔྱད་བྱེད་སྐབས་ཆུ་སྐྱེས་འབུ་སྲིན་གྱི་རིགས་གསར་པ་ཞིག་རྙེད་པ་དང་འབྲེལ་དེའི་མིང་ལ་མེ་ཏོག་གི་ཆུ་འབུ་མཇུག་རིང་ཞེས་བཏགས། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དེ་ཟླ་༢ཚེས་༢༣ཉིན་རྒྱལ་སྤྱིའི་སྲོག་ཆགས་རིགས་དབྱེ་རིག་པའི་དུས་དེབ་༼སྲོག་ཆགས་རིགས་དབྱེ་དུས་དེབ༽Zootaxaཐོག་དངོས་སུ་སྤེལ་བ་རེད།

མེ་ཏོག་གི་ཆུ་འབུ་མཇུག་རིང་Aནི་ཕོ་འབུ་དང་Bནི་མོ་འབུ། Cནི་འབུ་ཕྲུག་ཡིན། གོང་གི་འདྲ་པར་ནི་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཟླ་བའི་གསར་གཏོད་ལས་དོན་ཁང་གིས་མཁོ་འདོན་བྱས།

ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ལིན་ཞའོ་ལུང་གིས་མཚམས་སྦྱོར་བྱས་པ་ལྟར་ན། འབུ་སྲིན་རིགས་གསར་པ་འདི་ནི་གཤོག་ཟུང་ཅན་གྱི་ཆུ་འབུའི་རིགས་སུ་གཏོགས་པ་དང་། ཀྲུང་གོར་མཐོང་དཀོན་པ་དང་གོ་ལ་ཧྲིལ་པོར་ཡང་རིགས་ལྔ་ལས་མེད་ཅིང་རང་རྒྱལ་དུ་རིགས་འདིའི་འབུ་སྲིན་གསར་རྙེད་བྱུང་བ་ཐོག་མ་ཡིན།

ཚན་རིག་ཞིབ་འཇུག་རུ་ཁག་གིས་འབུ་སྲིན་རིགས་གསར་པ་འདིའི་འབུ་ཕྲུག་དང་འབུ་དར་མ་ཚང་མར་ཐུན་མོང་མ་ཡིན་པའི་མདོག་སྔོན་པོ་ཡིན་པ་དང་། ཆུ་རྒྱུན་གཙང་མའི་ཁོར་ཡུག་ཁྲོད་འཚོ་བ་རོལ་བས་ཆུའི་སྐྱེ་ཁམས་ཡག་པོ་ཡོད་པའི་རྟགས་རེད་ཅེས་བཤད། ད་ཐེངས་གསར་དུ་རྙེད་པའི་འབུ་སྲིན་འདི་ལས་ས་ཆ་དེའི་འབུ་སྲིན་སྐྱེ་དངོས་ས་ཁམས་ཁྱབ་ཚུལ་དང་དེ་བཞིན་མེ་ཏོག་ས་ཁུལ་གྱི་ཆུའི་སྣོད་བཅུད་ལྟ་ཞིབ་ཚད་ལེན་ལ་ཞིབ་འཇུག་བྱེད་པར་ཚན་རིག་དང་མཐུན་པའི་གཞི་འཛིན་ས་གསར་པ་མཁོ་འདོན་བྱས་པས། མེ་ཏོག་རྫོང་དང་དེ་བཞིན་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཕུན་སུམ་ཚོགས་པའི་སྐྱེ་དངོས་སྣ་མང་རང་བཞིན་སྔར་བས་མངོན་གསལ་དོད་པོ་ཡིན་པ་མཚོན།

གོང་གི་འདྲ་པར་ནི་མེ་ཏོག་རྫོང་གི་ཆུ་འབུ་མཇུག་རིང་འཚོ་སྡོད་བྱེད་སའི་ཁོར་ཡུག་ཡིན། ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་ལིན་ཞའོ་ལུང་༼གཡོན༽དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཀྲང་ཀྲི་ཁྲའོ་༼གཡས༽ཡིས་ཆུ་སྐྱེས་འབུ་སྲིན་འཚོལ་སྡུད་བྱེད་བཞིན་པའི་རྣམ་པ་རེད། འདྲ་པར་ནི་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཟླ་བའི་གསར་གཏོད་ལས་དོན་ཁང་གིས་མཁོ་འདོན་བྱས།

ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་འདི་བདེ་བླག་ངང་སྤེལ་བ་དང་གྲུབ་འབྲས་ཐོན་པ་ནི་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་གི་ཟླ་བའི་གསར་གཏོད་ལས་དོན་ཁང་གི་རྒྱབ་སྐྱོར་ཆེན་པོ་ལ་བརྟེན་པ་དང་། ལས་སྒྲུབ་ཁང་གིས་རི་ཐང་བརྟག་དཔྱད་རྩ་འཛུགས་དང་མ་དཔེ་ཁུལ་གྱི་འཚོལ་སྡུད་ཚན་རིག་དང་མཐུན་པ། དམར་དཔེ་མ་ལག་འཚོལ་སྡུད་དང་ལེགས་སྒྲིག དེ་བཞིན་ས་ཁོངས་ཀྱི་སྐྱེ་ཁམས་རྒྱུ་ཆ་སྡེབ་སྒྲིག་སོགས་ཀྱི་ཐད་ཕྱོགས་ཡོངས་ནས་འགན་སྲུང་བྱས་ཏེ་ཞིབ་འཇུག་ལེགས་འགྲུབ་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།