དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་པ་ཚོགས་འགོ་བཙུགས།
དཀར་མཛེས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་ཚོགས་འགོ་ཚུགས།
ཀྲའོ་པོ་ཡིས་འགོ་འཛུགས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་འགོ་ཚུགས་པ་ཁྱབ་བསྒྲགས་གནང་། ཧྥུང་ཧྥ་ཀུའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སེང་གནང་།
ཧྲུའུ་ཏ་ཁྲུན་གྱིས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ཞུས།
ཝང་ཡུས་ཆུང་དང་ཀའོ་ཀྲན་ཚོགས་འདུར་ཞུགས།

སྤྱི་ཟླ་2པའི་ཚེས་10ཉིན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་ལྕགས་ཟམ་རྫོང་དུ་གཟབ་རྒྱས་ངང་འཚོག་འགོ་བཙུགས། ཁུལ་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་ནས་ཡོང་བའི་འཐུས་མི་རྣམས་ཀྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་ཁུར་ནས་སྤོབས་པ་ཆེན་པོས་ཚོགས་རར་བསྐྱོད་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་འཆར་གཞི་ཆེན་མོར་མཉམ་གྲོས་བྱས་པ་རེད།
ཚོགས་ཆེན་དུ་འབྱོར་དགོས་པའི་འཐུས་མི་273ཡིན་ཞིང་། འཐུས་མི་253དངོས་སུ་ཕེབས་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།
ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི། ལག་བསྟར་ཀྲུའུ་ཞི་ཀྲའོ་པོ་ཡིས་འགོ་འཛུགས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་དང་ཝང་ཡུས་ཆུང་། ཀའོ་ཀྲན། ཝང་ཞིང་ཆོན། སྐལ་བཟང་གཡུང་དྲུང་། ཕུའུ་ཡུང་ཧྥུང་། རིན་ཆེན། ཝང་ཆང་། ཞའོ་ཀྲི་ཧུང་། ཚེ་དབང་འགྱུར་མེད་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་ཚབ་མཛད་དེ་ལས་དོན་སྙན་སེང་ཞུས། ཧྲུའུ་ཏ་ཁྲུན་གྱིས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་ལས་དོན་སྙན་སེང་ཞུས།

སྔ་དྲོའི་ཆུ་ཚོད་9པར། ཀྲའོ་པོ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་འཚོག་འགོ་འཛུགས་པ་ཁྱབ་བསྒྲགས་གནང་ཞིང་། ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།
སྤྲོ་སེམས་འཕེལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཧྥུང་ཧྥ་ཀུའེ་ཡིས་སྲིད་གཞུང་གི་ལས་དོན་སྙན་སེང་ཞུས་པ་དང་། སྙན་སེང་ཁག་གསུམ་བགོས་ཡོད་པ་སྟེ། 2025ལོའི་ལས་དོན་ཕྱིར་དྲན་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་ཀྱི་གྲུབ་འབྲས་གཙོ་བོ། “ ལོ་ལྔའི་འཆར་འགོད་བཅོ་ལྔ་པ”དང་2035ལོའི་རྒྱང་རིང་གི་དམིགས་ཚད་ཀྱི་སྤྱིའི་བསམ་གཞིགས། 2026ལོའི་གཙོ་གནད་ལས་དོན་བཅས་ཡིན།

ཧྥུང་ཧྥ་ཀུའེ་ཡིས་སྙན་སེང་ནང་བསྟན་དོན། འདས་མ་ཐག་པའི་2025ལོར་ང་ཚོས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགོ་ཁྲིད་བརྟན་པོའི་འོག་དང་། ཁུལ་མི་དམངས་འཐུས་ཚོགས་དང་ཁུལ་སྲིད་གྲོས་ཀྱི་ལྟ་སྐུལ་རྒྱབ་སྐྱོར་འོག། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་ཅུང་ལེགས་པོར་གྲུབ་ཡོད། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་5.5འཕར་བ་དང་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་བརྒྱ་ཆ་16.2འཕར། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྒྱ་ཆ་18.7འཕར་བ་དང་། ཞིང་སྡེའི་གཞིས་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ་6འཕར། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་གཏོང་ཚད་བརྒྱ་ཆ་2.9འཕར་བ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་བརྒྱ་ཆ་2.6འཕར། གྲོང་རྡལ་གཞིས་མིའི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྒྱ་ཆ་3.9འཕར། ལོ་གཅིག་རིང་ལ་ང་ཚོས་སློབ་སྦྱོང་སློབ་གསོ་དམ་འཛིན་བྱས་ཏེ་སྲིད་གཞུང་ཁོངས་གཏོགས་ཀྱི་རྣམ་པ་གསར་པ་མངོན་ཡོད་པ་དང་། སྤྱི་ཚོགས་བཅོས་སྐྱོང་དམ་འཛིན་བྱས་ཏེ་དུས་བདེ་དཀར་མཛེས་ཀྱི་སྲུང་རགས་གསར་པ་བརྟན་པོར་བཙུགས། དོན་ཆེན་གསུམ་དམ་འཛིན་བྱས་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས། གྲོང་ཡུལ་འཛུགས་སྐྲུན་དམ་འཛིན་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་བར་འཆར་རིས་གསར་པ་བྲིས། དམངས་འཚོའི་བྱ་གཞག་དམ་འཛིན་བྱས་ཏེ་མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་གསར་པ་བསྣན།
ཧྥུང་ཧྥ་ཀུའེ་ཡིས་གསུངས་དོན། 2025ལོ་ནི"ལོ་ལྔའི་འཆར་འགོད་བཅུ་བཞི་པ"མཇུག་བསྡུ་བའི་ལོ་ཡིན། ལོ་ལྔའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུར་ཕྱི་མིག་ལྟ་སྐབས་སྤྱིར་བཏང་གཏན་ནས་མིན་ལ། ང་ཚོས་དྲིན་ཚོར་ཡར་བརྩོན་དང་། མུ་མཐུད་འབད་འཐབ། དཀའ་ངལ་ཁྱད་བསད་བཅས་བྱས་ཏེ་དུས་རབས་ཀྱི་རིམས་ནད་དང་། ས་ཡོམ་གྱི་གནོད་འཚེ། དྲག་ཆར་དང་ཆུ་ལོག། ས་ཡོམ་ཆེན་པོ་སོགས་ཀྱི་གནོད་འཚེ་ཆེན་མོའི་འཐབ་རྩོད་ལས་རྒྱལ་ནས། དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བར་ཐོབ་དཀའ་བའི་གྲུབ་འབྲས་གསར་པ་མངོན་གསལ་ཐོབ་ཡོད། ལོ་ལྔའི་རིང་། ང་ཚོས་ལྷག་བསམ་རྣམ་དག་གིས་བོད་བརྟན་ཁམས་བདེའི་འགན་འཁྲི་ཁུར་བས་སྤྱི་ཚོགས་བཅོས་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། སྤྱི་ཚོགས་སྤྱི་ཡོངས་སྔར་བས་འཆམ་མཐུན་དང་མི་རིགས་ཆོས་ལུགས་དེ་བས་ཞི་མཐུན་ཡོང་བ། སྤྱི་པའི་བདེ་འཇགས་སྔར་བས་གོ་རིམ་ལྡན་པ་བཅས་བྱུང་ནས་སྤྱི་ཚོགས་བཅོས་སྐྱོང་གྲུབ་འབྲས་སྔར་བས་མངོན་གསལ་དོད་པོ་བྱུང་། ལྷག་བསམ་རྣམ་དག་གིས་སྐྱེ་ཁམས་སྲུང་ཡོལ་གྱི་འགན་འཁྲི་ཁུར་ནས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་དཔེ་སྟོན་གསར་འཛུགས་ཀྱི་འགན་འཁྲི་འབུར་དུ་ཐོན་པ་དང་སྐྱེ་ཁམས་འཛུགས་སྐྱོང་གི་རྨང་གཞི་བརྟན་པོར་བཏིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགོག་སྲུང་ར་བ་བརྟན་པོར་བཙུགས་པས་ཁོར་ཡུག་སྲུང་སྐྱོང་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། ལྷག་བསམ་རྣམ་དག་གིས་རང་བརྟེན་སྒུལ་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ཁྱད་ཆོས་ཐོན་ལས་འཁོར་འབྲེལ་ཆགས། སྒུལ་ནུས་ཆེ་བཞིས་མཉམ་ཤུགས་བཏོན་པ་དང་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་། དམངས་ལ་བདེ་སྐྱིད་བསྐྲུན་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ཁུར་ནས་དམངས་འཚོ་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་གནོད་རྗེས་བསྐྱར་སྐྲུན་ལེགས་གྲུབ་བྱུང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཕན་འབྲས་ཇེ་ཆེར་དང་སྤུས་ཚད་ལེགས་སུ་བཏང་། ཡུལ་སྡེ་དར་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་བཏང་ནས་ནུས་པ་ཐོན། གྲོང་འདུས་གསར་པ་ཆགས་ཚུལ་མགྱོགས་མྱུར་བྱུང་ཡོད། སྤྱི་པའི་ཞབས་ཞུ་ནུས་ལྡན་ངང་མཁོ་སྤྲོད་བྱས་པ་དང་། སྤྱི་ཚོགས་འགན་སྲུང་གི་ཚད་གཞི་མཐོ་རུ་བཏང་ནས་ཁྱབ་ཁོངས་རྒྱ་སྐྱེད་བཏང་བ་བཅས་བྱས་ནས་དམངས་འཚོའི་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། རང་ངོས་འཛུགས་སྐྱོང་གི་འགན་འཁྲི་ལྷག་བསམ་རྣམ་དག་གིས་ཁུར་ནས་སྤྱོད་ཚུལ་བསྒྱུར་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ། སྐད་ཆ་དང་བྱ་སྤྱོད་ཀྱི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་པར་དག། ཁྲིམས་ལྟར་སྲིད་འཛིན་བྱས་ནས་ཕན་འབྲས་ཐོན། སྲིད་བརྩོན་དམངས་ཕན་མིག་མཐོང་ལག་རེག་བྱུང་། སྤྱོད་གཙང་རང་གཅུན་དམ་ནན་བྱུང་ནས་སྤྱོད་ཚུལ་སྒྱུར་བར་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་། ལོ་ལྔའི་རིང་ལ། ཁུལ་དར་རྒྱས་སྟོབས་ཆེར་གཏོང་བའི་ལས་འགན་གལ་ཆེན་གྱི་མདུན་དུ་ང་ཚོས་གཞན་གྱི་སྔོན་ལ་མཆོང་ཕོད་པའི་བློ་སྟོབས་དང་ཆོད་སེམས་ལ་བརྟེན་ནས་འགན་ཆེན་ཕྲག་ལ་བཏེགས་པ་དང་ཤུགས་ཡོད་རྒུས་དཔལ་འབྱོར་འགྲན་གཉེར་བྱས་ཡོད། སྤྱི་པའི་བདེ་འཇགས་ཀྱི་ལས་འགན་ཧ་ཅང་ལྕི་བའི་མདུན་དུ་ང་ཚོས་བྱ་བར་ཆེ་ཕྲ་མེད་པའི་འགན་འཁྲི་དང་བྱ་སྤྱོད་ལ་བརྟེན་ནས་བདེ་འཇགས་སྲུང་སྐྱོང་དང་ཤུགས་ཡོད་རྒུས་གནོད་འཚེ་སྔོན་འགོག་དང་དོན་རྐྱེན་སྔོན་འགོག་བྱས་ཡོད། ཡུན་རིང་བདེར་འགོད་ཡོང་བའི་ལྷིང་འཇགས་ཀྱི་རེ་སྒུག་གི་མདུན་དུ་ང་ཚོས་ས་སྲུང་འགན་འཁྲི་བསྒྲུབས་པའི་ལྷག་བསམ་དང་འགན་སྒྲུབ་ལ་བརྟེན་ནས། ཁྲིམས་འཛིན་རིས་མེད་བྱས་ཤིང་ཤུགས་ཡོད་རྒུས་བརྟན་བརླིང་བསྲུངས་ཡོད། སྐྱེ་ཁམས་ཉེན་མེད་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེའི་མདུན་དུ་ང་ཚོས་འབད་པ་ཡུན་འཁྱོངས་ཀྱི་བསྟུན་མཁས་དང་དད་ཞེན་ལ་བརྟེན་ནས་བཅོས་སྐྱོང་ནན་པོ་བྱས་ཤིང་ཤུགས་ཡོད་རྒུས་སྐྱེ་ཁམས་སྲུང་སྐྱོང་བྱས་ཡོད། ཐུན་མོང་ཕྱུག་འབྱོར་ཡོང་བའི་དུས་རབས་ཀྱི་དྲིས་ལན་གྱི་མདུན་དུ་ང་ཚོས་དམངས་འཚོ་གཙོ་བོར་འཛིན་པའི་ཐོག་མའི་བསམ་འདུན་དང་ལས་འགན་ལ་བརྟེན་ནས། བློ་བརྟན་འགྱུར་མེད་ཀྱིས་དམ་བཅའ་ལག་ལེན་དང་ཤུགས་ཡོད་རྒུས་དམངས་འཚོའི་བདེ་རྩ་བསྲུངས་ཡོད། ཡུན་རིང་ཐག་གཅོད་བྱེད་འདོད་ཀྱང་ཐག་གཅོད་བྱེད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། སྔོན་ཆད་བསྒྲུབ་འདོད་ཀྱང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་པ། ཐུན་མོང་ཐོག་གངས་ལྗོངས་མཐོ་སྒང་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་མཚར་ཆེ་བའི་ལེའུ་བྲིས་པ་དང་། དཀར་མཛེས་མི་དམངས་ལ་འཕེལ་རྒྱས་ཡག་ཤོས་དང་། འགྱུར་ལྡོག་ཆེ་ཤོས། མང་ཚོགས་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་ལོ་རྒྱུས་དུས་སྐབས་སུ་བསླེབས་ཡོད་པ་རེད།
ཧྥུང་ཧྥ་ཀུའེ་ཡིས་གསུངས་དོན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་རིམ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཧ་ལམ་མངོན་དུ་འགྱུར་བའི་རྨང་གཞི་བརྟན་པོར་བཟོ་བ་དང་ཁྱོན་ཡོངས་ནས་ཤུགས་རྒྱག་པའི་གནད་འགག་གི་དུས་སྐབས་ཡིན་ལ། དཀར་མཛེས་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་དུས་རིམ་གལ་ཆེན་ཡང་ཡིན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་པའི་འཕེལ་རིམ་ཁྲོད་དུ་སྔར་འཛིན་ཕྱིར་མཐུད་ཀྱི་གོ་གནས་གལ་ཆེན་གནས་ཡོད། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་བཟོས་ནས་ལག་ལེན་བསྟར་བ་ནི་ཀྲུང་གོ་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་པའི་སྤྱི་ཡོངས་དང་འབྲེལ་བ་ཆེན་པོ་ཡོད། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་དང་ཁུལ་ཨུའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་འགོར་གཞིར་བཟུང་ནས། ཁུལ་སྲིད་གཞུང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་འཆར་ཟིན་སྒྲིག་བཟོ་བྱས། རྩ་གནད་འཆར་ཟིན་ནང་སླད་ཕྱིན་ལོ་ལྔའི་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་ཁ་གསལ་བཟོས་པར་མ་ཟད། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་དམིགས་འབེན་ཚད་འབེབས་དང་བྱེ་བྲག་ཅན་དུ་བཏང་སྟེ་རིགས་ཆེན་པོ་ལྔའི་དམིགས་ཚད་གཙོ་བོ་25བཞག་པ་དང་། ཕྱོགས12ཡི་ཐད་ནས་རྒྱུད་རིམ་ལྡན་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་འཆར་འགོད་བཀོད་སྒྲིག་བྱས་ཏེ། དཀར་མཛེས་ཁུལ་གྱིས་2035ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྤྱིའི་དམིགས་འབེན་གཞི་རྩའི་ཐོག་མངོན་འགྱུར་བྱ་རྒྱུ་བཏོན་ཡོད།
ཧྥུང་ཧྥ་ཀུའེ་ཡིས་གསུངས་དོན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལག་ལེན་བསྟར་འགོ་ཚུགས་པའི་ལོ་ཡིན་པས། ད་ལོའི་སྲིད་གཞུང་གི་ལས་དོན་ལེགས་པར་བསྒྲུབ་པའི་སྤྱིའི་བླང་བྱ་ནི། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕེང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་བཏོན་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་བ་དང་། “ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་དང་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། རྒྱལ་ཁབ་བདེ་འཇགས་ཀྱི་སྤྱིའི་ལྟ་བ་མཐའ་འཁྱོངས་བྱེད་པ་དང་། བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་བསམ་གཞི་མཐའ་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བ་གཙོ་ཕྱོགས་སུ་བྱེད་པ། དཔལ་འབྱོར་འཛུགས་སྐྲུན་གཙོ་བོར་འཛིན་པ། འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་རྒྱུ་གཙོ་དོན་དུ་འཛིན་པ། བསྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་འཚོ་བ་བཟང་པོའི་དགོས་མཁོ་བསྐང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དེ་རྩ་བའི་འགན་སྲུང་དུ་འཛིན་པ། ཞིང་ཆེན་ཏང་ཨུའི“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འབྲེལ། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ལ་དམ་པོར་དམིགས་ཤིང་། མ་སྐུལ་དང་ལེན་ངང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། འཕེལ་རྒྱས་ཀྱི་གནས་བབ་གསར་པར་སྔར་ལས་ལེགས་པར་མཉམ་འདྲེས་བྱེད་ཅིང་། ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལྟར། “འགན་འཁྲི་ཆེན་པོ་གསུམ”ལག་ལེན་ནན་ཏིག་བྱེད་པ་དང་། “རྨང་གཞི་ཆེན་པོ་གསུམ”མུ་མཐུད་དེ་སྲ་བརྟན་དུ་གཏོང་བ། “དོན་ཆེན་གསུམ”སྟོབས་ཆེར་གཏོང་བ། “འགྲན་གཉེར་གཅིག་དང་སྔོན་འགོག་གཉིས། འགན་སྲུང་གསུམ”གྱི་རྒྱུན་ལྡན་གྱི་གཙོ་གནད་ལས་དོན་གཅིག་གྱུར་གྱིས་དམ་འཛིན་བྱེད་ཅིང་། “རྨང་གཞིའི་རང་བཞིན་གྱི་སྣེ་ཁྲིད་འདུ་འགོད་ཆེན་པོ་བཅུ་བཞི”ལག་ལེན་བསྟར་འགོ་བཙུགས་ནས་གྲུབ་འབྲས་དང་ཕན་འབྲས་དངོས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་བྱས་རྗེས་མང་ཙམ་འབུལ་དགོས།
སྙན་སེང་ནང་བསྟན་དོན། 2026ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆ་6འཕར་རྒྱུ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆ་15འཕར་རྒྱུ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བརྒྱ་ཆ་4འཕར་རྒྱུ། ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་བརྒྱ་ཆ་5འཕར་རྒྱུ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་བརྒྱ་ཆ་4.5འཕར་རྒྱུ། གྲོང་ཁྱེར་དང་གྲོང་སྡེའི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་བརྒྱ་ཆ་4དང་5.8འཕར་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད་བརྟག་དཔྱད་བརྒྱ་ཆ་5.5ནང་ཚོད་འཛིན་བྱ་རྒྱུ་བཅས་རེད།
ཧྥུང་ཧྥ་ཀུའེ་ཡིས་ཕྱོགས་བདུན་ནས་2026ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་སྙན་སེང་གནང་སྟེ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་དཔལ་འབྱོར་འགྲན་གཉེར་བྱས་ནས་མ་འཇོག་འཛད་སྤྱོད་གཞི་ཁྱོན་རྒྱ་ཆེར་གཏང་བ་དང་། བསྒྱུར་བཅོས་གསར་གཏོད་མུ་མཐུད་དེ་གཏིང་ཟབ་ཏུ་གཏང་བ། སྒོ་འབྱེད་མཉམ་ལས་ཀྱི་བར་སྟོང་རྒྱ་སྐྱེད་བཏང་ནས་འཕེལ་རྒྱས་ཀྱི་གཏིང་ཤུགས་སྔོག་འདོན་བྱ་དགོས། སྟོབས་ཤུགས་བསྡུ་རུབ་བྱས་ནས་ཐོན་ལས་སྟོབས་ཆེར་གཏོང་བ་དང་རྒྱལ་སྤྱིའི་མཐོང་རྒྱ་ལ་བརྟེན་ནས་རིག་གནས་ཡུལ་སྐོར་དམ་འཛིན་བྱ་དགོས། རྒྱལ་ཁབ་ཀྱི་མཁོ་དགོས་ལ་དམིགས་ནས་ནུས་ཁུངས་འཕེལ་རྒྱས་གཏང་དགོས། སྐྱེ་ལྡན་བཟའ་བཅའ་བཟང་ཤོས་ཀྱིས་ཞིང་འབྲོག་ལས་རིགས་དམ་འཛིན་བྱས་ནས་ཁུལ་གསུམ་འཛུགས་པའི་ནུས་རིམ་ཆེ་རུ་གཏང་དགོས། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྐྱེ་ཁམས་ལེགས་སྐྱོང་བྱས་ཏེ་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་ཏན་ཏིན་བསྒྲུབ་དགོས་པ་དང་མཛེས་པའི་དཀར་མཛེས་ཁུལ་འཛུགས་སྐྲུན་ལ་བསྐུལ་དགོས། འབག་མེད་གཤོ་བསྒྱུར་འཕེལ་རྒྱས་མགྱོགས་སུ་བཏང་ནས་ཁོར་ཡུག་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏང་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས་པ་དང་རྨང་གཞིའི་སྒྲིག་ཆས་རིམ་སྤོར་འཐུས་ཚང་གཏང་དགོས། ཡུལ་སྡེ་དར་རྒྱས་ཡོང་བར་ཤུགས་ཆེན་བསྐུལ་དགོས་པ་དང་དེང་རབས་ཅན་གྱི་གྲོང་འདུས་འཛུགས་ཤུགས་ཆེ་རུ་བཏང་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། བརྩེ་སེམས་དང་བློ་རིག་བཅངས་ནས་དམངས་འཚོར་ཕན་པར་བྱས་ཏེ་མི་དམངས་ཡི་རང་བའི་སློབ་གསོ་གཉེར་བ། བདེ་ཐང་བྱ་གཞག་སྤུས་ལེགས་འཕེལ་རྒྱས་གཏང་དགོས། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་ནས་བདེ་སྐྱིད་ལྡན་ལ་ཡིད་སྨོན་ཤོར་བའི་འཚོ་བ་གསར་དུ་བསྐྲུན་དགོས། སྒྲུབ་མཁས་ལེགས་གྲུབ་ཀྱིས་བདེ་འཇགས་བསྲུངས་ཏེ། སྤྱི་ཚོགས་བརྟན་བརླིང་གི་གནས་བབ་བརྟན་པོར་བཟོ་དགོས་པ་དང་མི་རིགས་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་དགོས། སྤྱི་པའི་བདེ་འཇགས་རྨང་གཞི་བརྟན་པོར་བཟོས་ནས་མཐུན་སྒྲིལ་བརྟན་བརླིང་གི་སྲུང་ཡོལ་བརྟན་པོར་བསྐྲུན་དགོས། རང་ངོས་འཛུགས་སྐྱོང་ནན་ཞིང་དམ་པ་བྱས་ཏེ། ཆབ་སྲིད་འཛུགས་སྐྱོང་གིས་བློ་དཀར་རང་མདངས་སྲུང་བ་མཐའ་འཁྱོང་དགོས། ཁྲིམས་སྐྱོང་གིས་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ་རྒྱུན་འཁྱོང་དགོས་པ་དང་སྤྱོད་ཚུལ་འཛུགས་སྐྱོང་གིས་འགན་ཁུར་བྱས་རྗེས་འཇོག་པར་སྐུལ་བ་མཐའ་འཁྱོང་དགོས། སྲིད་གཙང་འཛུགས་སྐྱོང་གིས་སྲོལ་གཙང་ལུགས་དྲང་སྐྱོང་བ་མཐའ་འཁྱོངས་ནས་ཁྲིམས་སྐྱོང་ལས་ཆོད་ཆེ་ལ་སྤྱོད་གཙང་ཡོང་བར་ཁག་ཐེག་བྱ་དགོས།
ཧྥུང་ཧྥ་ཀུའེ་ཡིས་མཇུག་མཐར་གསུངས་དོན། གངས་ལྗོངས་ཁམས་ཀྱི་ཡུལ་དུ་རྣམ་པ་གསར་པ་མངོན། །དྲིན་དྲན་མདུན་དུ་བསྐྱོད་དེ་རྒྱང་ལམ་གསར་པར་ཞུགས། །ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག། རྟ་ཕོ་ལྕག་གིས་སྐུལ་བའི་སྤོབས་པ་འཆང་བ་དང་རྟ་བརྒྱ་ཐང་ལ་དཀྱུས་པའི་གསོན་ཤུགས་སློང་ཞིང་། ལས་སྒྲུབ་ངར་ཤུགས་རྫོགས་མཐའ་མེད་པ་འཁྱོང་བ། བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་སྒོ་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་འཕེལ་རྒྱས་གྲུབ་འབྲས་ཧུར་ཐག་བསྐྲུན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བྲི་བར་བྱས་རྗེས་དེ་བས་ཆེན་པོ་གཞག་དགོས།

ཧྲུའུ་ཏ་ཁྲུན་གྱིས་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ཞུ་སྐབས་གསུངས་དོན། 2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཕྱོགས་ཡོངས་ནས་མཇུག་སྒྲིལ་བ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པ”ཡི་སྟོབས་ཤུགས་བསྡུ་རུབ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། དཀར་མཛེས་ཁུལ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་མིན་པའི་ལོ་ཞིག་ཀྱང་རེད། བསྒྱུར་བཅོས་དང་འཕེལ་རྒྱས་བརྟན་བརླིང་གི་དཀའ་ཚེགས་ཆེ་བའི་ལས་འགན་མདུན་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྣེ་ཁྲིད་འོག། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་འབད་བརྩོན་ནན་ཏན་བྱས་ཏེ། བྱ་གཞག་ཁག་གནོན་ཤུགས་ཆེན་པོས་མདུན་སྐྱོད་བྱེད་པའི་ཁྲོད་གྲུབ་འབྲས་གསར་པ་ཐོབ་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”བདེ་བླག་ངང་མཇུག་བསྒྲིལ་ཐུབ་པ་བྱུང་ཡོད། འདས་ཟིན་པའི་ལོ་ལྔ་ལ་ཕྱིར་མིག་བལྟས་ན། ང་ཚོས་དཀའ་ངལ་མདུན་བསྐྱོད་དང་འཕེལ་རྒྱས་སྤུས་ཚད་མཐོ་བ། དམངས་འཚོ་སྤུས་ཚད་མཐོ་བ། སྲུང་སྐྱོང་ཆུ་ཚད་མཐོ་བ། བཅོས་སྐྱོང་ནུས་པ་ཆེ་བ་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བས། བདེ་འཇགས་བརྟན་བརླིང་གི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་པ་དང་། མི་རིགས་ཆོས་ལུགས་ལས་དོན་ཞི་ཞིང་མཐུན་པ། དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེ་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་བྱུང་བ། དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོར་འདེགས་བྱུང་བ། སྐྱེ་ཁམས་བདེ་འཇགས་ཀྱི་བཀག་རྒྱ་མུ་མཐུད་བརྟན་དུ་བཏང་བ། བསྒྱུར་བཅོས་སྒོ་འབྱེད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སྤེལ་བཏང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་བས། དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་པོ་སྤོས་པ་རེད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་ཐུག་ཡོད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱིས་བྱམས་བརྩེའི་ཐུགས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་པའི་འབྲས་བུ་ཡིན་ཞིང་། ཁུལ་ཨུས་ཁྱོན་ཡོངས་གཅིག་གྱུར་དང་འགོ་ཁྲིད་བརྟན་པོ་བྱས་པའི་འབྲས་བུ་ཡིན་ལ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་དམངས་སེམས་གཅིག་མཐུན་དང་འབད་བརྩོན་འབད་འཐབ་བྱས་པའི་འབྲས་བུ་ཡང་ཡིན། ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་རིམ་པ་ཁག་དང་མི་དམངས་འཐུས་ཚོགས་འཐུས་མིས་འབད་བརྩོན་དང་འགན་ཁུར་གཅིག་སྒྲིལ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ལེགས་པོ་ཚུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།
2025ལོར་ཁུལ་ཨུའི་འགོ་ཁྲིད་བརྟན་པོ་འོག། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་སྙིང་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཏང་གི་འགོ་ཁྲིད་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ཡོང་བ་མཐའ་འཁྱོངས་ཏེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་མཐར་ཕྱིན་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ། འགན་འཁྲི་འཁུར་བ་བཅས་བྱས་ཏེ། དཀར་མཛེས་ཁུལ་ཡུན་རིང་བརྟན་བརླིང་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་དགེ་མཚན་ལྡན་པའི་བྱས་རྗེས་ཕུལ་ཡོད།
ཧྲུའུ་ཏ་ཁྲུན་གྱིས་གསུངས་དོན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་ལོ་ཡིན་པ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་སྙིང་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་དོན་འཁྱོལ། ཞིང་ཆེན་ཏང་ཨུའི"ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར"བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། བབ་བསྟུན་འཕྲལ་སྒྲུབ། རྗེས་སྙེག་མཆོང་བརྒལ་གྱི་ལོ་རྒྱུས་ཀྱི་ལས་འགན་ལ་རྩེ་གཅིག་ཏུ་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ། བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་ལས་འགན་གཙོ་བོར་འཛིན་པ། སྤྱི་ཚོགས་འཆམ་མཐུན་དང་བརྟན་བརླིང་ཡོང་བར་ཞབས་འདེགས་ཞུ། མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག་པ། ཐབས་སྒྲུབ་ལ་མཁས་པ་བཅས་མཐའ་འཁྱོངས་ཏེ་མི་དམངས་འཐུས་ཚོགས་ཀྱི་ཕྱོགས་བཞིའི་ནུས་པ་སྔར་ལས་འདོན་སྤེལ་བྱས་ནས་རང་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་སྐུལ་འདེད་གཏང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏང་ཆེད་མི་དམངས་འཐུས་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་བྱས་རྗེས་སུ་འབུལ་དགོས།
འགོ་འཛུགས་ཚོགས་འདུར་ད་དུང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་ཞུས་ཅ་ཞུང་གིས་ཞུས་པའི་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་ལ་ཉན་པ་དང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་འཛིན་ཧུའུ་པང་ཡུང་གིས་ཞུས་པའི་དཀར་མཛེས་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་ལ་ཉན། དཀར་མཛེས་ཁུལ་གྱི་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཚུལ་དང་2026ལོའི་འཆར་གཞི་འཆར་ཟིན་སྐོར་གྱི་སྙན་སེང་དང་དཀར་མཛེས་ཁུལ་གྱི་2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན (ཡིག་ཐོག)བཅས་ལ་ཞིབ་བཤེར། དཀར་མཛེས་ཁུལ་གྱི་2025ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2026ལོའི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སེང་དང་དཀར་མཛེས་ཁུལ་2026ལོའི་སྔོན་རྩིས་འཆར་ཟིན(ཡིག་ཐོག)བཅས་ལ་ཞིབ་བཤེར། དཀར་མཛེས་ཁུལ་གྱི་2025ལོའི་ཡུལ་སྡེ་དར་རྒྱས་ལས་དོན་སྙན་སེང(ཡིག་ཐོག)ལ་ཉན་འཇོག། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འོས་འགན་སློབ་གསོའི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གསལ་བཤད(ཡིག་ཐོག )ལ་ཉན་འཇོག། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས《སི་ཁྲོན་ཞིང་ཆེན་ཡུལ་སྐོར་སྲོལ་ཡིག》བབ་བསྟུན་གཏན་འབེབས་ལག་ལེན་བསྟར་བའི>སྐོར་གྱི་གཏན་འབེབས་བེད་མེད་གཏོང་བའི(འཆར་ཟིན)》སྐོར་གྱི་གསལ་བཤད(ཡིག་ཐོག )ལ་ཉན་འཇོག། ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་ཀྱི་འཆར་ཟིན་བརྡས་ཐག་བཅད་པ་རེད།
ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་། སི་ཁྲོན་མི་རིགས་སློབ་གླིང་། དཀར་མཛེས་ལས་རིགས་སློབ་གླིང་། དཀར་མཛེས་ཡན་ལག་དམག་ཁུལ། དྲག་ཆས་ཉེན་རྟོག། ཁྲིམས་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་དེ་བཞིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁག་ཅིག་ཚོགས་འདུར་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུ་ཐོག་བཞུགས། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་མིན་པའི་ཁུལ་ཨུའི་འབྲེལ་ཡོད་སྡེ་ཚན་དང་མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འགན་འཁུར་བ། ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྡེ་ཚན་དང་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་བ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་གཞོན་པ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་གཙོ་གཞོན་པ། རྫོང(གྲོང་ཁྱེར)མི་དམངས་སྲིད་གཞུང་གི་རྫོང(གྲོང་ཁྱེར)དཔོན། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཁྲིམས་ཁང་གི་མགོ་གཙོ། ཞིབ་དཔྱོད་ཁང་གི་མགོ་གཙོ། ཁུལ་དུ་བཅའ་སྡོད་དཔུང་སྡེ་དང་འཚུབ་བསྟུན་རོགས་སྐྱོར་དཔུང་སྡེའི་འགན་འཁུར་བ། ཞིང་ཆེན་གྱི་གཙོ་གཉེར་དང་ཞིང་ཆེན་དང་ཁུལ་གྱིས་མགོ་ཁྲིད་པའི་དར་མདོར་བཅའ་སྡོད་བྱེད་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ། ཁུལ་གྱིས་དོ་དམ་བྱས་པའི་རྒྱལ་དབང་གཙོ་གནད་རིམ་པ་དང་པོའི་ཁེ་ལས་དང་། དམངས་གཉེར་ཁེ་ལས་ཀྱི་འགན་འཁུར་བ། སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་བཅས་ཐེངས་འདིའི་གྲོས་ཚོགས་ལ་ཟུར་ཞུགས་བྱས། ཚོགས་འདུར་ད་དུང་སྤྱི་དམངས་3དང་ན་གཞོན་འཐུས་མི་2ཟུར་ཉན་བྱེད་པར་གདན་དྲངས་ཡོད། །
