དཀར་མཛེས་ཁུལ་གྱིས་རིག་གནས་ཡུལ་སྐོར་གྱི་ཐབས་ལམ་གསར་པ་ཞིག་སྤེལ་འདུག

སྤྱི་ཟླ་1པོའི་ཚེས་28ཉིན། དཀར་མཛེས་ཁུལ་གྱིས་དྭངས་གཙང་གི་དཀར་མཛེས། ཚེ་གཅིག་གི་དུས་ཆད་ཅེས་པའི་རིག་གནས་ཡུལ་སྐོར་མཚམས་སྦྱོར་གྱི་བྱེད་སྒོ་ཆེན་མོ་ཞིག་ཁྲེང་ཏུའུ་ནས་སྤེལ་བ་རེད།
ཐེངས་འདིའི་བྱེད་སྒོ་ནི་དཀར་མཛེས་ཁུལ་ལ་མཚོན་ན་ཚད་གཞི་མཐོ་བ་དང་གཞི་ཁྱོན་ཆེ་བའི་རིག་གནས་ཡུལ་སྐོར་གྱི་མཚམས་སྦྱོར་ལས་དོན་གལ་ཆེན་ཞིག་ཡིན་ཏེ། བྱེད་སྒོའི་ཡུལ་དངོས་སུ་རྒྱལ་སྤྱིའི་ཡུལ་སྐོར་རྩ་འཛུགས་དང་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་ཁང་། རང་གིས་རླངས་བསྐོར་བའི་ཡུལ་སྐོར་རོལ་རྩེད་སྡེ་ཁག་གི་འཐུས་མི། ཡུལ་སྐོར་སྣེ་ཤན་པ་གྲགས་ཅན། བརྙན་ལེན་པ་གྲགས་ཅན་སོགས་མི་ཆིག་སྟོང་ལྔ་བརྒྱ་ལྷག་གདན་ཐོག་གཅིག་ཏུ་འཛོམས་ནས། དཀར་མཛེས་ཁུལ་གྱི་རང་བྱུང་གི་མཛེས་སྡུག་དང་མི་ཆོས་ཀྱི་མཛེས་པ་སོགས་ལ་ཉམས་སུ་མྱོང་བ་དང་། དྭངས་གཙང་དཀར་མཛེས་ཀྱི་ཚེ་གཅིག་གི་དུས་ཆད་ལ་བདེན་དཔང་བྱས་པ་རེད།

བྱེད་སྒོའི་ཡུལ་དངོས་སུ་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ཁག་གི་ཚེ་གཅིག་ལམ་ལུགས་ཀྱི་འཛིན་ཡིག་ཉོ་ཚོང་ལ་མིང་རྟགས་འགོད་པ་དང་། དཀར་མཛེས་ཁུལ་གྱི་ཞིང་འབྲོག་དང་རིག་གནས་ཡུལ་སྐོར་ལུས་རྩལ་ཚོང་དོན་སོགས་ཀྱི་མཚམས་སྦྱོར་བྱེད་སྒོ་དངོས་སུ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་བརྒྱུད་ནས་དཀར་མཛེས་ཁུལ་གྱི་ལོ་གཅིག་གི་རིག་གནས་ཡུལ་སྐོར་ཟུང་འབྲེལ་འཕེལ་རྒྱས་ཀྱི་སྒོ་འཕར་ཡངས་པར་ཕྱེ་ཞིང་། ཡུལ་དངོས་སུ་གླུ་གར་གྱི་མཆོད་པ་འབུལ་བ་དང་། དཀར་མཛེས་ཁུལ་གྱི་རིག་གནས་ཐོན་རྫས་འགྲེམ་སྟོན་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་རྣམས་གནས་མཆོག་དཀར་མཛེས་ལ་ཕེབས་པར་དགའ་བསུ་ཞུས་པ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། དཀར་མཛེས་ཁུལ་ལ་ཀ་བཞི་རིམ་པའི་ཡུལ་སྐོར་མཛེས་ཁུལ་གྲགས་ཅན་སོ་གཅིག་གི་ཡོད་ཅིང་། དེ་ཡི་ཁྲོད་དུ་ཀ་ལྔ་རིམ་པའི་མཛེས་ཁུལ་གཉིས་དང་ཀ་བཞི་རིམ་པའི་མཛེས་ཁུལ་ཉེར་དགུ་ཡོད་ཅིང་། ཐེངས་འདིའི་དཀར་གཙང་གི་དཀར་མཛེས། ཚེ་གཅིག་གི་དུས་ཆད་ཅེས་པའི་བྱེད་སྒོའི་ཁྲོད་ནས་མཛེས་ཁུལ་གྱི་འཛིན་ཡིག་ཐེངས་གཅིག་ཉོས་ན་ཚེ་གཅིག་ལ་རིན་མེད་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་གི་བྱེད་སྒོ་སྤེལ་བ་ནི་རྒྱལ་ཡོངས་ནས་ཐོག་དང་པོ་ཡིན་ཞིང་། གཙོ་བོ་གངས་དཀར་གསེར་གླག་བྱང་བུ་དང་གངས་དཀར་འོ་སེ་བྱང་བུ་སྟེ་རིགས་གཉིས་སུ་དབྱེ་ནས་ཕྱིར་འཚོང་བྱས་ལ། བྱེད་སྒོའི་ཡུལ་དངོས་སུ་གྲོང་ཁྱེར་ཆེ་ཁག་ནས་ཡུལ་སྐོར་ཚོང་གཉེར་ཕྱོགས་ཁག་གིས་བྱང་བུ་འབུམ་དྲུག་ལྷག་ཉོས་པ་རེད། འདི་ནི་གནས་མཆོག་དཀར་མཛེས་ལ་ཡུལ་སྐོར་ལྗོངས་རྒྱུ་རུ་ཕེབས་པའི་རྒྱ་ཆེ་བའི་ཡུལ་སྐོར་བ་རྣམས་ལ་མཚོན་ན་ཆེས་ཆེ་བའི་གཟིགས་སྐྱོང་གི་སྲིད་ཇུས་ཤིག་ལ། དཀར་མཛེས་ཁུལ་མཚོན་ན་ཡུལ་སྐོར་གྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་ཞིག་དང་ཚོད་ལྟ་གསར་པ་ཞིག་ཀྱང་ཡིན་པ་རེད།
