སྔོན་ལ་བདེ་འཇགས་ཞིབ་བཤེར་བྱས་ནས་དཔྱིད་གསར་དུས་ཆེན་གྱི་བདེ་འཇགས་འཛིང་རགས་བརྟན་པོ་བསྐྲུན།

དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་དུས་སྐབས་འདིར་ཞིང་ཚོང་ཁྲོམ་ར་ནི་མི་མང་པོ་འདུ་བའི་དམངས་འཚོའི་གནས་ཡུལ་གལ་ཆེན་ཞིག་ཡིན་པས། དེའི་བདེ་འཇགས་འགན་སྲུང་དང་གཉེར་སྐྱོང་སྒྲིག་ལམ་ཐད་ཀར་མང་ཚོགས་ཀྱི་དུས་ཆེན་འཚོ་བ་དང་འབྲེལ་བ་ཡོད། མཛོད་དགེ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་མེ་གསོད་རོགས་སྐྱོབ་ཅུས་དང་མཁོ་བསྟུན་དོ་དམ་ཅུས་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་ཞིང་ཚོང་ཁྲོམ་རར་དཔྱིད་གསར་དུས་ཆེན་སྔོན་གྱི་བདེ་འཇགས་ལ་ཆེད་དོན་ཞིབ་བཤེར་བྱས། བཟའ་བཅའི་བདེ་འཇགས་དང་མེ་གསོད་བདེ་འཇགས། འཕྲོད་བསྟེན་བདེ་འཇགས། མཁོ་བསྟུན་ཐག་གཅོད་སོགས་གཙོ་གནད་ལ་དམིགས་ནས་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ནས་གཉེར་སྐྱོང་པའི་བདེ་འཇགས་འདུ་ཤེས་ལེགས་པོ་བསྐྱེད་པར་ཤུགས་སྣོན་བྱས།

ཞིབ་བཤེར་ལས་སྒོ་དེར“བདེ་འཇགས་འགན་ལེན་དང་། མཁོ་སྤྲོད་བརྟན་པོ། སྒྲིག་ལམ་སྲུང་བ”དམིགས་འབེན་དུ་བཟུང་ནས། སྡེ་ཁག་མང་པོ་མཐུན་སྦྱོར་སྒོས་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གཙོ་བོ་ཟས་རིགས་སྤུས་འགན་དུས་ཡུན་དང་གསོག་ཉར་ཆ་རྐྱེན་སོགས་ལ་ཞིབ་བཤེར་བྱས། དུས་ཡོལ་ཟས་རིགས་ཕྱིར་འཚོང་དང་ཟོག་གོང་འཕར་སྣོན་གཏོང་བར་སྔོན་འགོག་ནན་མོ་བྱས། མིག་སྔར་ཁྲོམ་རའི་དངོས་ཟོག་མཁོ་སྤྲོད་འདང་ངེས་ཡིན་ལ་རིན་གོང་འཕར་ཆག་མེད།

རྫོང་མེ་གསོད་རོགས་སྐྱོབ་ཅུས་ཀྱིས་གློག་སྤྱོད་བདེ་འཇགས་དང་མེ་གསོད་སྒྲིག་བཀོད། ཉེན་གཡོལ་བགྲོད་ལམ་ཤར་གཏོང་གནས་ཚུལ་བཅས་ལ་ཞིབ་དཔྱད་ཞིབ་ཕྲ་བྱས། ཡུལ་དངོས་ནས་ཚོང་བར་བཅོས་སྒྲིག་བྱེད་པར་ལྟ་སྐུལ་བྱས། དེ་མིན་མེ་གསོད་སྒྲིག་ཆས་སྤྱོད་སྟངས་ཁྲིད་སྟོན་བྱས། རྫོང་མཁོ་བསྟུན་དོ་དམ་ཅུས་ཀྱིས་གཉེར་སྐྱོང་སྒྲིག་ལམ་དང་མཁོ་བསྟུན་ཐག་གཅོད་ཕྱོགས་གཉིས་ཀྱི་ཐད་ནས་གཉེར་སྐྱོང་པར་ཡིད་རྟོན་ཚོང་གཉེར་བྱས་ཏེ་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།
མཉམ་འབྲེལ་ཞིབ་བཤེར་དེ་བརྒྱུད་ནས་བདེ་འཇགས་ཀྱི་རྐྱེན་ངན་བཅོས་སྒྲིག་བྱས། གཉེར་སྐྱོང་བའི་བདེ་འཇགས་འདུ་ཤེས་དང་མཁོ་བསྟུན་ནུས་པ་མཐོར་འདེགས་བཏང་། རྗེས་ཕྱོགས་འབྲེལ་ཡོད་སྡེ་ཁག་གིས་དུས་ཆེན་སྔོན་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། རྐྱེན་ངན་སེལ་བའི་ཕྱིར་རྟོག་ལས་སྒོ་གང་མང་སྤེལ་བཞིན། དུས་ཆེན་གྱི་བདེ་འཇགས་སྲུང་ཐིག་ནན་སྲུང་དང་མང་ཚོགས་ལ་འཆམ་མཐུན་བརྟན་ལྷིང་གི་དཔྱིད་གསར་དུས་ཆེན་རོལ་ཐུབ་པར་འགན་ལེན་བྱ་རྒྱུ་རེད།
