མཛོད་དགེ་རྫོང་གིས་གཞི་རིམ་མེ་གསོད་བདེ་འཇགས་ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་བྱས།

དགུན་དཔྱིད་དུས་ཚིགས་ཀྱི་མེ་སྐྱོན་སྔོན་འགོག་ལས་དོན་ལ་སྐུལ་འདེད་དང་། ཡུལ་གྲོང་གི་མེ་འགོག་བདེ་སྲུང་རྨང་གཞི་སྲ་བརྟན་དུ་གཏོང་བ། གཞི་རིམ་ལས་དོན་མི་སྣའི་མེ་སྐྱོན་སྔོན་འགོག་གི་ནུས་པ་མཐོར་འདེགས་གཏོང་ཆེད། ཉེ་ཆར། མཛོད་དགེ་རྫོང་མེ་གསོད་རོགས་སྐྱོབ་ཅུས་ཀྱིས་ཡུལ་གྲོང་13གྱི་ལས་བགོས་འགོ་ཁྲིད་དང་ལས་གཉེར་པ། དྲ་མིག་དོ་དམ་པ་བཅས་མི་46ལ་ཆེད་དོན་མེ་གསོད་བདེ་འཇགས་སྦྱོང་བརྡར་བྱས་ནས། གཞི་རིམ་མེ་གསོད་བདེ་འཇགས་འགོག་སྲུང་འཛིང་རགས་ཕྱོགས་ཡོངས་ནས་བརྟན་པོ་བསྐྲུན་ཡོད།

བྱེད་སྒོར་ཡུལ་གྲོང་གི་མེ་གསོད་བདེ་འཇགས་ཀྱི་དཀའ་གནད་ལ་དམིགས་ནས། རྔ་བ་ཁུལ་གྱི་ནགས་ཚལ་རྩྭ་ཐང་གི་མེ་འགོག“བཅའ་ཁྲིམས་དོན་ཚན་བདུན”གྱི་ནང་དོན་གཙོར་བཟུང་སྟེ་སྒྲོག་འགྲེལ་བྱས། ནགས་ཚལ་རྩྭ་ཐང་གི་མེ་འགོག་ལས་དོན་ཁྲོད་ཀྱི་ཡུལ་གྲོང་གི་མངའ་ཁུལ་འགན་འཁྲི་ནན་བཤད་བྱས། ཡུལ་གྲོང་གི་མེ་གསོད་བདེ་འཇགས་དོ་དམ་གྱི་དོན་དངོས་ལ་གཞིགས་ནས། སྒྲོག་འགྲེལ་པས་ཡུལ་གྲོང་མེ་གསོད་བདེ་འཇགས་ཀྱི་འགན་སྒྲུབ་ཞིབ་ཐོ་གསལ་འགྲེལ་བྱས། ལས་གནས་ཀྱི་འགན་འཁྲི་དང་ལས་ཀའི་ཚད་གཞི་རེ་རེ་བཞིན་གསལ་པོར་སྟོན། མངོན་མེད་རྐྱེན་ངན་ཞིབ་བཤེར་ཁྲོད་ཡུལ་གྲོང་གི་འདུ་གནས་སོ་སོའི་ཁྱད་ཆོས་ལ་དམིགས་ནས་མེ་འགོག་བདེ་འཇགས་ཀྱི་ཞིབ་བཤེར་བྱ་གཞི་སྒྲོག་འགྲེལ་བྱས། ཡུལ་དངོས་རྟོག་ཞིབ་གྱི་གཞི་གྲངས་དང་མེ་སྐྱོན་དོན་རྐྱེན་དང་འབྲེལ་ནས་ལྕགས་ཁང་གི་ཆ་རྒྱས་བཤད་བྱས།

གཞུང་ལུགས་སློབ་ཁྲིད་མཇུག་སྒྲིལ་རྗེས། སྦྱོང་བརྡར་ལ་ཞུགས་མཁན་ཚང་མས་ལག་ལེན་སྦྱོང་བརྡར་བྱས། མེ་གསོད་རོགས་སྐྱོབ་མི་སྣས་དང་ཐོག་མེ་གསོད་ཆས་ཀྱི“འདེགས་པ་དང་འཐེན་པ། འཛིན་པ། གནོན་པའི”ཚད་ལྡན་བཀོལ་སྤྱོད་གོ་རིམ་དང་། མེ་གསོད་ས་གདན་གྱི་སྤྱོད་སྒོ་དང་བཀོལ་སྤྱོད་བྱེད་སྟངས་གསལ་པོར་སྟོན། དེ་རྗེས་སྦྱོང་བརྡར་ནང་ཞུགས་མཁན་སྒྲིག་འཛུགས་བྱས་ནས་དངོས་སུ་སྦྱོང་བརྡར་བྱས། ཁོ་ཚོར་འབར་སླ་བའི་ལྕགས་ཁང་གི་མེ་སྐྱོན་འབྱུང་ཉེན་གསལ་པོར་བཤད་པ་དང་། ཡུལ་དངོས་ནས་ལྕགས་ལེབ་ལ་མེ་སྒྲོན་ནས་ཚོད་ལྟ་བྱས། ཐད་མཐོང་ཉམས་ལེན་བྱས་པ་བརྒྱུད་སྦྱོང་བརྡར་ནང་ཞུགས་མཁན་ལ་ཚོན་ལྡན་ལྕགས་ཁང་སྐྲུན་པའི་སྐྱོན་ཆ་གསལ་པོར་མཐོང་དུ་བཅུག
གཞི་རིམ་གྱི་མེ་གསོད་བདེ་འཇགས་ལས་དོན་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་སྟེ། མཛོད་དགེ་རྫོང་མེ་གསོད་རོགས་སྐྱོབ་ཅུས་ཀྱིས་གཞི་རིམ་གྱི་མེ་གསོད་བདེ་འཇགས་དྲིལ་བསྒྲགས་གསོ་སྦྱོང་བྱ་བ་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གྲོང་སྡེ་དང་དུད་ཚང་དུ་བསྐྱོད་ནས་མཛུབ་ཁྲིད་ཞབས་ཞུ་རྒྱུན་ལྡན་ཅན་དུ་སྤེལ། མེ་གསོད་བདེ་འཇགས་ཤེས་བྱ་གཞི་རིམ་དུ་རྩ་བ་ཚུགས་པ་དང་མི་སེམས་སུ་ངོས་བར་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་མེ་གསོད་བདེ་འཇགས་ཀྱི“སྲུང་ཡོལ”བསྐྲུན་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་རེད།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽
