ཡུས་ལི་ཅིན་གྱིས་རྔ་བ་ཁུལ་དུ་རྟོག་ཞིབ་གནང་བ།
ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཡུས་ལི་ཅུན་རྔ་བ་ཁུལ་དུ་རྟོག་ཞིབ་གནང་བར་བསྐྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་སི་ཁྲོན་གྱི་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དོན་འཁྱོལ་གཏིང་ཟབ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་ཀྱི་བཀོད་སྒྲིག་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ། བརྟན་པོ་དང་གོ་རིམ་ལྡན་པའི་སྒོས་ལོ་མཇུག་དང་ལོ་འགོའི་ལས་དོན་ཏན་གྱིས་སྒྲུབ་སྟེ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་འགོ་ལེགས་པོར་ཚུགས་པར་མངོན་འགྱུར་ཡོང་གང་ཐུབ་བྱ་དགོས་པར་བསྟན།
ཡུས་ལི་ཅུན་ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་ཧྲའི་ཅིན་གྲོང་ཚོའི་ཏང་དམངས་ཞབས་ཞུའི་ལྟེ་གནས་དང་། བར་རངས་སྡེ་ཁུལ། ཅིན་ཨན་གྲོང་རྡལ་ཅིན་ཨན་སྡེ་ཁུལ། གློག་རྡུལ་ཚོང་ལས་ཐོན་ལས་གླིང་། མཛོད་དགེ་རྫོང་སྟག་ཚ་དགོན་དང་གཞི་རིམ་དཔུང་སྡེའི་སྒར་ས། སྲིད་ཁྲིམས་ཚན་པ་སོགས་སུ་བསྐྱོད་ནས་དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དེ་གྲོང་གསེབ་དར་རྒྱས་དང་ཕན་ནུས་ལྡན་པའི་སྦྲེལ་མཐུད་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ཕྱོགས་བསྡུས་ནུས་པ་མཐོར་འདེགས་གཏོང་བ། གློག་རྡུལ་ཚོང་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་ཏེ། འཚམས་འདྲིར་ཕེབས་པའི་མང་ཚོགས་ལ་སྣེ་ལེན་བྱས་པ་དང་ཞིབ་ཕྲའི་དཀའ་ངལ་ཐག་གཅོད་བྱས་པར་མ་ཟད། མཛོད་དགེ་རྫོང་དུ་ལས་དོན་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་།
ཡུས་ལི་ཅུན་གྱིས་ད་ལོ་ནི“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་”འགོ་རྩོམ་པའི་ལོ་ཡིན་པས། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཁབ་དང་ཞིང་ཆེན་གྱི་“ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་”འཆར་འགོད་གྲོས་འགོ་དང་བསྡུར་ནས་ལེགས་ཆ་འདོན་སྤེལ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཤུགས་རྒྱག་ས་དང་ཟུང་འབྲེལ་བྱེད་ས་ཡང་དག་བཙལ་ནས། གནས་བབ་དང་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ནུས་ཚད་མཐོ་རུ་གཏོང་དགོས། ཞིང་གསུམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ཏེ། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། ཞིང་ལས་སྟོབས་ཆེན་དང་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་ཞེས་བསྟན།
ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བའི་མཐའ་ཚད་བརྟན་སྲུང་བྱས་ཏེ། དབུལ་བྲལ་ངལ་རྩོལ་ནུས་ཤུགས་དང་ཕ་ཡུལ་དུ་ལོག་པའི་ཞིང་པ་ལས་མིས་ལས་གནས་བརྟན་པོ་ལས་ཞུགས་དམ་འཛིན་བྱས་ཏེ། གསར་སྤེལ་རྣམ་པའི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྱིམ་ཚང་ལ་གཞིགས་ནས་སྲིད་ཇུས་ལག་བསྟར་བྱས་ནས་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ཡག་པོ་བྱས་ཏེ་ཞིང་པའི་འབབ་འཕར་ལ་རོགས་རམ་བྱེད་དགོས། བོད་རྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་འཚམ་པར་སྐུལ་འདེད་བཏང་སྟེ། ཆོས་ལུགས་འཆམ་མཐུན་དང་། སྤྱི་ཚོགས་འཆམ་མཐུན། མི་རིགས་འཆམ་མཐུན་བཅས་སྲ་བརྟན་དུ་མངོན་འགྱུར་བྱ་དགོས་ཞེས་བསྟན།
