ཆོས་རྗེ་ཡུལ་ཚོས་བྱིས་གཉོར་སྤྱི་ཕན་འཛིན་གྲྭ་གཉེར་འགོ་བཙུགས།

གུང་གསེང་སྐབས་ཁྱིམ་བདག་གི“བདག་སྐྱོང་བྱ་དཀའ་བའི”གནད་དོན་ཐག་གཅོད་དང་། གཞོན་ནུ་ལོ་ཆུང་ལ་བདེ་འཇགས་དང་སྐྱིད་སྣང་དོད་པའི་གུང་གསེང་རོལ་དུ་འཇུག་ཆེད། ཉེ་ཆར་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོས་2026ལོའི་དགུན་གནང་གི་བྱིས་གཉོར་སྤྱི་ཕན་འཛིན་གྲྭ་གཉེར་འགོ་བཙུགས། ཚབ་གཉོར་འཛིན་གྲྭ་དེ་ཆོས་རྗེ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་གཅིག་འདོམས་བྱས་ནས་བཙུགས་པ་དང་། “བདེ་འཇགས་དང་པོ་དང་བདེ་སྐྱིད་འཚར་ལོངས”ཀྱི་རྩ་དོན་ལྟར། ཡུལ་ཚོའི་ས་ཁོངས་གཙོ་གནད་ལ་ཁྱབ་ཏུ་བཅུག་ནས། གཞོན་ནུ་ལོ་ཆུང་རྣམས་ལ་སྤུས་ལེགས་ཀྱི་སྤྱི་ཕན་ལས་སྒོ་སྤེལ་ནས་འཚར་ལོངས་ཀྱི་བར་སྟོང་བསྐྲུན་ཡོད།

ས་གནས་མཉམ་འབྲེལ་གྱིས་སྤྱི་ཕན་ལས་སྒོ་ཡོངས་སུ་ཁྱབ། ཚབ་གཉོར་འཛིན་གྲྭས་གྲོང་སྡེའི་ཏང་དམངས་བྱེད་སྒོ་ཁང་6ཏུ་གསབ་ཁྲིད་ས་ཚིགས་6ཕྱེ་ནས། ཡུལ་ཚོ་ཡོངས་ལ་ཁྱབ་པའི་ཚབ་གཉོར་ཞབས་ཞུ་བཏོན། སྡེ་བ་སོ་སོས་རང་སོའི་སྟབས་བདེ་མིན་ལ་གཞིགས་ནས་བྱིས་པ་སྐྱེལ་ཆོག ཚབ་གཉོར་འཛིན་གྲྭར་ལོ་ཚོད་ལྟར་རིམ་པ་དབྱེ་བ་དང་། རང་ཡུལ་དུ་ཕྱིར་ལོག་པའི་སློབ་ཆེན་སློབ་མ་12བསྡུས་ནས་དགེ་རྒན་བྱས། བསླབ་ཚན་ཟུར་ཁྲིད་དང་སྤྲོ་སྣང་ལེགས་སྤེལ། རིག་གནས་རྒྱུན་འཛིན་སོགས་ཞབས་ཞུར་དམིགས་ནས། ཁྱིམ་བདག་ལ་ལྟ་སྐྱོང་བྱ་རོགས་དང་བྱིས་པ་རྣམས་ལ་སྣ་མང་འཚར་ལོངས་ལས་སྟེགས་བཙུགས་ཏེ། སྤྱི་ཕན་ཞབས་ཞུ་དོན་འཁྱོལ་དཔྱིས་ཕྱིན་གནང་།
ཚབ་གཉོར་འཛིན་གྲྭས་བདེ་འཇགས་དོ་དམ་གྱི་བླང་བྱ་བརྩི་སྲུང་ནན་མོ་བྱས་ཏེ། བརྒྱུད་རིམ་ཧྲིལ་པོར་བདེ་སྲུང་འཛིང་རགས་བརྟན་པོ་བསྐྲུན། “བཀག་སྡོམ་རྣམ་པའི”དོ་དམ་དང་བསུ་སྐྱེལ་ཐོབ་ཐང་ལ་ཞིབ་དཔྱད་ཀྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་མི་འགྲོ་འོང་ལ་ཚོད་འཛིན་བྱས། སློབ་ཁང་དང་མེ་གསོད་སྒྲིག་ཆས། ལུས་རྩལ་ཡོ་ཆས། གློག་སྐུད་སོགས་ཀྱི་བདེ་འཇགས་སྔོན་ལ་བརྟག་བཤེར་བྱས་ནས།《བདེ་ཐང་གནས་ཚུལ་བརྟག་དཔྱད་རེའུ་མིག》《ཁྱིམ་བདག་ལ་སྤྲིངས་བའི་ཡི་གེ》《ཚབ་གཉོར་ཞབས་ཞུའི་གྲོས་མཐུན་ཡི་གེ》བཀྲམ་པ་དང་། སློབ་མའི་བདེ་ཐང་གནས་ཚུལ་དང་འབྲེལ་གཏུག་མི་སྣའི་ཡིག་ཚགས་དུས་མཉམ་དུ་གསར་བརྗེས་བྱས་ཏེ། འགན་འཁྲིའི་ལས་བགོས་ཁ་གསལ་བ་དང་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཞིབ་ཕྲ་བཟོས་ནས། བྱིས་པ་རྣམས་ཚབ་གཉོར་བྱེད་པའི་རིང་ལ་བདེ་འཇགས་དང་སེམས་ཁྲལ་མེད་པར་འགན་ལེན་བྱས།
སྤྲོ་སྣང་འཕེལ་བའི་སློབ་ཁྲིད་བྱས་ནས་སློབ་ཁང་ཕྱི་ནང་དུ་གསོན་ཤུགས་རྒྱས། ཐོག་མར་ཕན་ཚུན་ངོ་སྤྲོད་དང་རོལ་དབྱངས་འཁྲབ་སྟོན། སྤྲོ་ནང་ལུས་རྩལ་སོགས་ཀྱི་རྣམ་པ་བརྒྱུད་སློབ་ཁྲིད་དང་པོ་འཚོགས་མགོ་ཚུགས་ནས་བྱིས་པ་རྣམས་ཀྱི་སྤྲོ་སེམས་སློང་། དགེ་སློབ་ཕན་ཚན་ངོ་སྤྲོད་བྱེད་པའི་བརྒྱུད་རིམ་དུ་བྱིས་པ་རྣམས་ཀྱིས་རང་ངོས་ཀྱི་ཤེས་ཡོན་མངོན་བཞིན་སྤྲོ་སྣང་མཉམ་སྤྱོད་བྱས། དང་བླངས་པ་རྣམས་ཀྱིས་རང་ངོས་སློབ་ཁྲིད་ཀྱི་འཇོན་ནུས་མངོན་པ་དང་། བག་ཕེབས་ཀྱི་ཁོར་ཡུག་ཁྲོད་དགེ་སློབ་ཕན་ཚུན་གྱི་བར་ཐག་ཇེ་ཉེར་ཕྱིན།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽
