ཐེ་བོ་གྲོང་རྡལ་གྱིས་ནགས་སྲུང་མེ་འགོག་ལས་དོན་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡ ཚེས་ ༢༠

ཉེ་ཆར། མཛོད་དགེ་རྫོང་ཐེ་བོ་གྲོང་རྡལ་གྱིས་ཐོག་མཐའ་བར་གསུམ་དུ་ནགས་ཚལ་མེ་འགོག་གི“བདེ་འཇགས་རྒྱུད་སྐུད”དམ་འཛིན་བྱས་ཏེ། “དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་མེད་པའི”འགན་འཁྲིའི་འདུ་ཤེས་ལེགས་པོ་བསྐྱེད། བྱེད་ཐབས་སྣ་མང་སྦྲེལ་ནས་མེ་འགོག་ལས་དོན་དམ་འཛིན་དང་བཀོད་སྒྲིག་ཞིབ་ཕྲ་བྱས་ཏེ། མངའ་ཁུལ་གྱི་སྐྱེ་ཁམས་བདེ་འཇགས་དང་། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒྱུས་སྲུང་སྐྱོབ་བྱས།

ཁོར་ཡུག་བསྐྲུན་པར་ཤུགས་སྣོན་བྱས་ཏེ་བསམ་བློའི་འཛིང་རགས་བརྟན་པོ་བཙུགས། གྲོང་རྡལ་ཡོངས་ཀྱིས་གཅིག་གྱུར་བཀོད་འདོམས་བྱས་ཏེ། ལམ་ཐིག་གཙོ་བོ་དང་ནགས་མཐའ། གྲོང་སྡེར་འཛུལ་ལམ་སོགས་གཙོ་གནད་ས་ཁོངས་སུ་མེ་འགོག་ཉེན་དར་བསྒྲེངས། མཐོང་ལམ་དུ་མངོན་པའི་ཐབས་ལམ་བརྒྱུད་མང་ཚོགས་ལ་མེ་འགོག་འདུ་ཤེས་མཐོ་རུ་གཏོང་དགོས་པའི་དྲན་སྐུལ་བྱས། མེ་འགོག་དྲིལ་བསྒྲགས“མིག་གིས་མཐོང་ཐུབ་ལ་རྣམ་པས་གོ་ཐུབ་པ། མི་སེམས་སུ་ངེས་ཐུབ་པ”བྱས་ཏེ། “ཚང་མས་མེ་འགོག་གླེང་བཞིན་གང་སར་མེ་འགོག་ལས་དོན་ནན་འཛིན་བྱེད་པའི”ཁོར་ཡུག་ལེགས་པོ་བསྐྲུན།

འགག་རྩར་དམིགས་ནས་འགོག་སྲུང་ལས་འགན་དམ་ཟབ་བཏང་། གྲོང་རྡལ་མཁོ་བསྟུན་དོ་དམ་གཞུང་དོན་ཁང་གིས་གྲོང་སྡེ་ཁག་དང་མཉམ་འབྲེལ་བྱས་ཏེ། མངའ་ཁུལ་གྱི་མེ་འགོག་སོ་ལྟ་ཁང་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་། ལས་རེས་བཀོད་སྒྲིག་བྱས་ནས་མེ་སྐྱོན་གནས་ཚུལ་ལ་ལྟ་ཞིབ་བྱས། མཁོ་བསྟུན་གྲ་སྒྲིག་སོགས་གཙོ་གནད་དུ་བཟུང་སྟེ་ལྟ་ཞིབ་བྱས། མེ་འགོག་སོ་ལྟ་ཁང་དུ“སོ་ལྟ་མཁན་གྱིས་འགན་འཁྲི་ཕྲག་ཏུ་ལེན་པར”འགན་ལེན་བྱས། དེ་དང་ཆབས་ཅིག་བྱ་དགའ་དང་ཆད་གཅོད་སྐུལ་ལྕག་ལམ་སྲོལ་བཙུགས་ནས་ལས་རེས་ལས་འགན་གནད་ལ་འཁེལ་བ་དང་། མངོན་མེད་ཉེན་ཁ་ཞིབ་བཤེར་མཐར་ཕྱིན་པ། ཆ་འཕྲིན་དུས་ཐོག་ཏུ་སྙན་སེང་ཞུ་བ་བཅས་ཀྱི་ཕུལ་བྱུང་ལས་ཚིགས་ལ་དངུལ་ཚབ་འཛིན་ཤོག་སྤྲོད་པ་དང་། དྲང་ཕྱོགས་སྐུལ་སློང་ལ་བརྟེན་ནས་ལས་དོན་མི་སྣའི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས་མེ་འགོག་འགན་འཁྲི་དོན་འཁྱོལ་ཞིབ་ཕྲ་ཡོང་བར་བཙན་སྐུལ་བྱས།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽