རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་ལོ་དགུ་བསྟུད་མར་འཕར་བ།
རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཚེས་14ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས། 2025ལོར་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་དངུལ་འབོར་སྐས་རིམ་གསར་པར་སླེབས་ཡོད་ཅིང་། སྒོར་དུང་ཕྱུར་ཁྲི་45ལས་བརྒལ་ཏེ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་དང་། ལོ་དགུ་བསྟུད་མར་འཕར་སྣོན་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ཡོངས་བསྒྲགས་བྱས་ཡོད།
2025ལོར་རང་རྒྱལ་གྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་དངུལ་འབོར་སྒོར་དུང་ཕྱུར་ཁྲི་45.47ཟིན་ནས་3.8%འཕར་ཞིང་། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་ཁྲི་26.99ཟིན་ནས་6.1%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་ཁྲི་18.48ཟིན་ནས་0.5%འཕར་ཡོད། རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་ལོ་དགུ་བསྟུད་མར་འཕར་སྣོན་རྒྱུན་འཁྱོངས་ཐུབ་ཡོད་ལ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་ཚུན་རྒྱུན་མཐུད་འཕར་སྣོན་བྱུང་བའི་དུས་ཚོད་རིང་ཤོས་དེ་ཡང་ཡིན།
2025ལོར། རང་རྒྱལ་གྱི་ཕྱིར་གཏོང་གིས་འགོག་རྐྱེན་སྣ་ཚོགས་ཁྱད་དུ་བསད་དེ་གསར་པ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། ལོ་ཧྲིལ་པོར་ལག་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་13.2%འཕར་ནས། རང་རྒྱལ་གྱི་ཕྱིར་གཏོང་བརྒྱ་ཆའི་གནས་2.4འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་དང་། ལྷག་པར་དུ་བཟོ་ལས་འཕྲུལ་མི་ཕྱིར་གཏོང་བྱེད་ཚད་48.7%འཕར་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་འགོ་འཛིན་གཞོན་པ་ཝང་ཅུན་གྱིས། རང་རྒྱལ་འདི་ཉིད་བཟོ་ལས་འཕྲུལ་མི་ཕྱིར་གཏོང་ཁེར་གཙང་བྱེད་མཁན་རྒྱལ་ཁབ་ཏུ་གྱུར་ཡོད་པ་དང་། ཕྱི་རྒྱལ་གྱི་རྨང་གཞིའི་འཛུགས་སྐྲུན་དང་འགྲིམ་འགྲུལ་སོགས་རྣམ་གྲངས་ཆེ་གྲས་འཛུགས་སྐྲུན་ཁྲོད་རང་རྒྱལ་གྱི་དབོར་སྐྱེལ་འཕྲུལ་མི་དང་ཚ་ལ་རྒྱག་མཁན་འཕྲུལ་མིས་ནུས་པ་ཆེན་པོ་འདོན་བཞིན་ཡོད་ཅིང་། 2025ལོའི་ཕྱིར་གཏོང་འཕར་བའི་མྱུར་ཚད་ཚང་མ་བཅུ་ཆ་དྲུག་ཡན་ལ་སླེབས་ཡོད། རང་རྒྱལ་གྱི་རིག་ནུས་ལག་འདོགས་ཆུ་ཚོད་དང་རིག་ནུས་རྩེད་ཆས་རྒྱལ་ཁབ་དང་ས་ཁུལ་170ལྷག་ཙམ་དུ་བྲིན་ཁ་རྒྱུག་པོ་བྱུང་ཡོད་ཅེས་བརྗོད་ཡོད།
2025ལོར། གོ་ལ་ཧྲིལ་པོར་རང་རྒྱལ་དང་ཉོ་ཚོང་འགྲོ་འོང་ཡོད་པའི་རྒྱལ་ཁབ་དང་ས་ཁུལ་249ཟིན་ཡོད། རྒྱལ་སྤྱིའི་ཁྲོམ་རའི་རིན་གོང་ཆག་པའི་གནས་ཚུལ་འོག དུས་ཚིགས་གཉིས་པ་ནས་བཟུང་། རང་རྒྱལ་གྱི་ནང་འདྲེན་དུས་ཚིགས་གསུམ་བསྟུད་མར་འཕར་ཡོད་པ་དང་། ལོ་ཧྲིལ་པོར་ཁྱོན་སྒོར་དུང་ཕྱུར་ཁྲི་18.48ཀྱི་ཚོང་ཟོག་ནང་འདྲེན་བྱས་ཡོད་ཅིང་། དེས་གོ་ལ་ཧྲིལ་པོའི་ནང་འདྲེན་གྱི་ཐོབ་སྐལ་ནང་བཟུང་བའི་བསྡུར་ཚད་10%ཡས་མས་རྒྱུན་འཁྱོངས་ཐུབ་ཡོད།
ཝང་ཅུན་གྱིས། ན་ནིང་རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་130ལྷག་ཙམ་ནས་ནང་འདྲེན་བྱེད་ཚད་འཕར་ཡོད་པ་དང་། ཨ་ཤེ་ཡ་དང་། ལ་ཏིང་ཨ་མེ་རི་ཁ། ཨ་ཧྥེ་རི་ཁ་བཅས་ནས་ནང་འདྲེན་བྱེད་ཚད་ཁག་སོ་སོར་3.9%དང་། 4.9% 6%བཅས་འཕར་ཡོད། ཕྱི་འབྲེལ་བཙུགས་ཟིན་པའི་ཆེས་དར་རྒྱས་མེད་པའི་རྒྱལ་ཁབ་ལ་དཔྱ་ཁྲལ་རྣམ་གྲངས་ཀྱི་ཐོན་རྫས་100%ལ་སྒོ་ཁྲལ་མི་བསྡུ་རྒྱུའི་སྲིད་ཇུས་ལག་བསྟར་བྱས་ཡོད་པ་དང་། གོང་གསལ་རྒྱལ་ཁབ་ནས་ནང་འདྲེན་བྱེད་ཚད་9%འཕར་ཡོད་ཅེས་བརྗོད་ཡོད།༼ཡིག་སྒྱུར། མཚམས་གཅོད།༽
