མཛོད་དགེའི་བྱེ་འགྱུར་ས་ཞིང་བཅོས་སྐྱོང་ལས་གཞི(དུས་རིམ་གསུམ་པ)རྒྱལ་ཁབ་རིམ་པའི་དཔེ་མཚོན་དུ་བདམས་པ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་དུ་བསྒྲགས།

ཉེ་ཆར། ནོར་སྲིད་པུའུ་གཞུང་དོན་ཐིང་དང་རང་བྱུང་ཐོན་ཁུངས་པུའུ་གཞུང་དོན་ཐིང་། སྐྱེ་ཁམས་ཁོར་ཡུག་པུའུ་གཞུང་དོན་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས《རི་ཆུ་ནགས་ཚལ་ས་ཞིང་དང་མཚོ་མོ་རྩྭ་ཐང་བྱེ་མ་བཅས་ལ་གཅིག་བསྡུས་སྲུང་སྐྱོབ་དང་བཅོས་སྐྱོང་ལས་གཞིའི་དཔེ་མཚོན་ཁག་གསུམ་པ་ཁྱབ་བསྒྲགས་ཀྱི་བརྡ་ཐོ》(ནོར་སྲིད་གཞུང་དོན་ཁང་ཐོན་ཁུངས་ཁོར་ཡུག〔2025〕ཨང་28)པར་འགྲེམས་བྱས་པ་དང་། མཛོད་དགེ་རྫོང་གི་བྱེ་འགྱུར་ས་ཆ་བཅོས་སྐྱོང་ལས་གཞིའི(དུས་གསུམ་པ)རྣམ་གྲངས་དེ་རྒྱལ་ཡོངས་ཀྱི་དཔེ་མཚོན་ཁག་གསུམ་པའི་དཔེ་མཚོན་16གི་གྲས་སུ་བདམས་ཐོན་བྱུང་བར་མ་ཟད། སྤྱི་ཟླ་1པོའི་ཚེས་9ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མྱུར་འཕྲིན་བརྒྱུད་རྒྱལ་ཡོངས་ལ་བསྒྲགས།

མཛོད་དགེ་རྫོང་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་སྐྱོང་གི་སྐྱེ་ཁམས་བྱེད་ནུས་ཁུལ་དང་། མཛོད་དགེ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་ཁུལ་ཡིན་པའི་ངོས་ནས། བྱེ་འགྱུར་ཁྱབ་རྒྱ་ཆེ་ལ་བརླན་ས་ཞན་འགྱུར་གྱི་སྐྱེ་ཁམས་འགྲན་སློང་མང་པོར་འཕྲད་མྱོང་། ཉེ་བའི་ལོ་ཤས་རིང་། མཛོད་དགེ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་དུ་བསྟར་བ་དང་། རི་ཆུ་ནགས་ཚལ་ས་ཞིང་དང་མཚོ་མོ་རྩྭ་ཐང་བྱེ་མ་བཅས་ལ་གཅིག་བསྡུས་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། བྱམས་མེ་གྲོང་རྡལ་དང་རྨེ་ཆུ་ཡུལ་ཚོ་སོགས་བྱེ་འགྱུར་ས་ཁུལ་ལ་དམིགས་ནས། “ལྕང་མའི་བྱེ་འགོག་སྲུང་ཡོལ་བསྐྲུན་པ+ཆུ་དྲངས་ནས་རྩྭ་འདེབས་པ+ནོར་ལུག་གི་ལུད་གཏོར་བ+ལྕགས་ར་འཐེན་ནས་འགོག་སྲུང་བྱེད་པ+ཕྱོགས་བསྡུས་དོ་དམ་གཅེས་སྲུང་བྱེད་པ”སོགས་སྣ་མང་ཅན་གྱི་ལག་རྩལ་རྣམ་པ་7གསར་གཏོད་བྱས། བྱེ་ཐང་ཅན་དུ་འགྱུར་རྣམ་མི་འདྲ་བ་ལ་དམིགས་ནས་གནད་འཁེལ་ཐབས་ཇུས་ལག་བསྟར་བྱས། “ལོ་གཅིག་ལ་རླུང་བཀག་ནས་བྱེ་མ་སྲ་འགྱུར་དང་། ལོ་གཉིས་ལ་རྩྭ་རྩི་ཤིང་སླར་ཡང་སྐྱེ་བ། ལོ་གསུམ་ལ་ལྗང་མྱུར་རྒྱས་པ། ལོ་བཞི་ལ་མུ་མཐུད་དུ་དོ་དམ་གཅེས་སྲུང་བྱེད་པ། ལོ་ལྔ་ལ་ཆུ་དྲངས་ནས་རྩྭ་འདེབས་པ་ཟུང་དུ་སྦྲེལ་བ”བཅས་ཀྱི་སྐས་རིམ་རྣམ་པའི་ཉམས་གསོའི་ཕན་འབྲས་མངོན་འགྱུར་བྱུང་། རིམ་རྩིས་ལྟར་ན་བྱེ་འགྱུར་ས་ཞིང་མུའུ་ཁྲི་5.3བཅོས་སྐྱོང་བྱས་པ་དང་། རི་མཐོའི་ལྕུག་དམར་སྡོང་རྐང་ཁྲི་167.4བཏབ། རྩྭ་སོན་སྤྱི་རྒྱ་ཁྲི་36.7ལྷག་བཏབ། ལུད་ཏུན་ཁྲི་1.74ལས་བརྒལ་བ་གཏོར། ཚན་རིག་དང་མཐུན་པའི་བཅོས་སྐྱོང་བྱས་པ་བརྒྱུད། རྩྭ་ཐང་གི་རྩྭ་རྩི་ཤིང་ཁྱབ་ཚད་ཆ་སྙོམས་30%ཡན་མཐོ་རུ་ཕྱིན་པ་དང་། བྱེ་འགྱུར་ས་ཞིང་རིམ་བཞིན་ལྗང་མདོག་ཏུ་བསྒྱུར། “བརླན་ས་ནས་རྩྭ་ས། དེ་ནས་བྱེ་སར་འགྱུར་བའི”འཁོར་སྐྱོད་ངན་པར་བཀག་འགོག་ནུས་ལྡན་བྱེད་ཐུབ་ཡོད།

ལས་གཞི་ལས་འགོ་ཚུགས་རྗེས། མཛོད་དགེ་རྫོང་གིས《མཛོད་དགེ་རྫོང་གི་ནགས་ཚལ་རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོ་རྣམ་གྲངས་ཀྱི་རྗེས་སོའི་དོ་དམ་སྲུང་སྐྱོང་ལག་བསྟར་ཞིབ་སྲོལ》གཏན་འབེབས་བྱས། ས་གནས་ཀྱི་མང་ཚོགས་ལ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་གི་འགན་འཁུར་དུ་བཅུག་ནས་སྐོར་ཞིབ་ལས་ཀར་ནན་གྱིས་སྐུལ། གནད་ལ་འཁེལ་བའི་དོ་དམ་སྲུང་སྐྱོང་ལ་བརྟེན་ནས་རྣམ་གྲངས་ཀྱི་སྤུས་ཚད་ལ་འགན་ལེན་བྱས། དེ་དང་ཆབས་གཅིག་བསྡོམས་པས་ངལ་ནུས་ལས་བཟོ་པ་མི་ཐེངས་ཁྲི་6.29ལྷག་ལ་སྐུལ་ཁྲིད་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་1250འཕར་བར་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་སྒྱུར་གཉིས་ཕན་ཡོང་བར་དམིགས་ནས། མཐོ་སྒང་གི་གྲང་ལྷགས་ཆེ་བའི་ས་ཁུལ་གྱི་སྐྱེ་ཁམས་བྱེ་འགྱུར་བཅོས་སྐྱོང་ལ་ཁྱབ་སྤེལ་བྱེད་ཆོག་པའི“མཛོད་དགེའི་དཔེ་མཚོན”མཁོ་འདོན་བྱས་ཡོད།

རྒྱལ་ཁབ་རིམ་པའི་དཔེ་མཚོན་དུ་བདམས་ཐོན་བྱུང་བ་དེ་ནི་མཛོད་དགེ་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱ་བར་ཚད་མཐོའི་གདེང་འཇོག་བྱེད་ཐེངས་ཤིག་རེད། རྗེས་ཕྱོགས་མཛོད་དགེ་རྫོང་གིས་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་གི་ཕན་འབྲས་མུ་མཐུད་དུ་གཏིང་ཟབ་དང་། རྗེས་སོའི་དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྐྱེ་ཁམས་མ་ལག་གི་སྣ་མང་རང་བཞིན་དང་བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་གྱི་མཐོར་འདེགས་དང་། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་བཀག་རྒྱ་བརྟན་པོ་འཛུགས་པ་དང་། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་གི་དཔེ་མཚོན་གཏོད་པར་བྱས་རྗེས་ཆེན་པོ་འཇོག་རྒྱུ་རེད།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽
