ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན།
སྔར་ལས་མཐོ་བའི་ཚད་གཞི་དང་སྔར་བས་དོན་གཉེར་བྱེད་ཐབས་སྤྱད་དེ་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་།
ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་འགྲུབ་པར་འགན་སྲུང་བརྟན་པོ་བྱ་དགོས།
ལི་ཆང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་གྲོས་ཚོགས་སུ་ཞུགས། ལི་ཞི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་།

ཚེས་བཅུ་གཉིས་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཇེ་དྲག་གཏོང་བ་དང་། སྔར་ལས་མཐོ་བའི་ཚད་གཞི་དང་སྔར་བས་དོན་གཉེར་བྱེད་ཐབས་སྤྱད་དེ་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནུས་ལྡན་བྱེད་པར་མ་ཟད། སྔར་ལས་ལྷག་པའི་སྒོ་ནས་དབང་ཆ་ལམ་ལུགས་ཀྱི་རྒྱ་རུ་ཚན་རིག་དང་མཐུན་པའི་ངང་འཇུག་པ་དང་། སྔར་ལས་རིག་པ་གསལ་པོའི་སྒོ་ནས་བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་རྒྱུན་འཁྱོངས་བྱས་ཏེ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་འགྲུབ་པར་འགན་སྲུང་བརྟན་པོ་བྱ་དགོས་ཞེས་ནན་གསུང་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་གྲོས་ཚོགས་སུ་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཞི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
ཞི་ཅིན་ཕིང་གིས་༢༠༢༥ལོར། ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཆབ་སྲིད་ཀྱི་ལྟ་སྐུལ་ཇེ་དྲག་དང་ཆབ་སྲིད་ཀྱི་སྐོར་ཞིབ་ཟབ་སྤེལ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་འགན་སྲུང་ནུས་ལྡན་བྱས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་ཟབ་སྤེལ་བྱས་ཏེ། ཏང་ཡོངས་ཀྱིས་སྔར་ལས་ལྷག་པའི་ཡ་རབས་ཀུན་སྤྱོད་ལ་སྐུལ་འདེད་བཏང་། རུལ་སུངས་ལ་ངོ་རྒོལ་དྲག་པོ་བྱེད་པའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་སྤྱོད་པ་དང་རུལ་སུངས་མཉམ་ཞིབ་མཉམ་བཅོས་བྱས་ཤིང་། མང་ཚོགས་ཉེ་འགྲམ་གྱི་སྤྱོད་ངན་དང་རུལ་སུངས་ཀྱི་གནད་དོན་དག་ཐེར་ཟབ་མོ་བྱས་ཏེ་རུལ་སུངས་ཀྱི་ཁོར་ཡུག་དང་ཆ་རྐྱེན་བསལ་གང་ཐུབ་བྱས་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་ཀྱི་རྩ་བའི་བླང་བྱ་སྲུང་སྐྱོང་བྱེད་པ། ཏང་དང་མི་དམངས་ཀྱི་བྱ་གཞག་མུ་མཐུད་དེ་འཕེལ་རྒྱས་གོང་སྤེལ་གྱི་ལོ་རྒྱུས་ཉམས་མྱོངས་གལ་ཆེན་ཡང་རེད། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ནི་གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྨང་གཞི་བརྟན་པོ་དང་ཁྱོན་ཡོངས་ནས་ནུས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་རེད། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན། ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་ཀྱི་ལས་འགན་འདུ་ཤེས་ཇེ་དྲག་བཏང་ནས། དོན་དངོས་ཀྱི་བྱ་སྤྱོད་ལས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ལེགས་པོ་བྱ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་བ། འཕེལ་རྒྱས་ཀྱི་རྣམ་པར་གསར་པ་མགྱོགས་པོ་བསྐྲུན་པར་དམ་པོ་དམིགས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་དང་ས་བབ་ལེགས་པོར་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས། རྒྱལ་ཡོངས་སུ་གཅིག་གྱུར་ཚོང་ར་ཆེན་མོ་འཛུགས་སྐྲུན་དང་། ཆུ་ཚད་མཐོན་པོའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་གཏོང་བ། མི་དམངས་ཡོངས་ཐུན་མོང་ངང་ཕྱུག་འགྱུར་ཡོང་བར་སྐུལ་བ། རྒྱུན་རྣམ་ཅན་གྱིས་དབུལ་ལོག་དབུལ་འགྱུར་སྔོན་འགོག་བྱེད་པ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་བ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཇེ་དྲག་གཏོང་བ། གཅིག་གྱུར་འཕེལ་རྒྱས་དང་བདེ་འཇགས་སོགས་ལས་འགན་བླང་བྱར་དོ་སྣང་བྱེད་པ། ཞིབ་ཕྲ་ཅན་དང་ཐིག་པོ་ཅན། རྒྱུན་སྣང་ཅན་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་ཇེ་དྲག་བཏང་ནས། སྐོར་ཞིབ་གྲུབ་འབྲས་ཡག་པོ་སྤྱོད་པ་དང་དག་ཐེར་ལྟ་ཞིབ་ཇེ་དྲག་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་ཀྱི་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་ལ་འགན་སྲུང་ཡག་པོ་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་བྱེད་ཐབས་ལེགས་པོ་དང་ཐབས་ལམ་འཚོལ་ཞིབ་ནན་ཏན་དང་ལག་བསྟར་དོན་འཁྱོལ་བྱ་དགོས། ད་ལོར་ས་གནས་ཀྱིས་སྐབས་བརྗེ་བྱེད་འགོ་བརྩམས་པས། ལྷག་བསམ་རྣམ་དག་དང་ཡིད་ཆེས་བྱ་ཆོག་པ། ཕྱི་ནང་གཅིག་མཚུངས་དང་འགན་འཁྲི་འཁུར་པའི་ལས་བྱེད་པ་ཡག་པོ་བཀོལ་སྤྱོད་བྱ་དགོས་ཞེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས་ཏང་གི་རང་ཉིད་གསར་བརྗེ་ནི་དབང་ཆ་བཅོས་སྐྱོང་བྱ་རྒྱུ་གཙོ་བོ་རེད། དབང་ཆ་དེ་ལམ་ལུགས་ཀྱི་རྒྱ་རུ་འཇུག་པ་ནི་དུས་རབས་གསར་པར་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ལས་འགན་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ཏང་ཀྲུང་དབྱང་གིས་ལམ་ལུགས་ལག་བསྟར་སྒོས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་དངོས་སུ་ལག་བསྟར་བྱེད། སྒྲིག་སྲོལ་བཙན་པོ་དང་ཚོད་འཛིན་ནན་མོ། ཏང་སྲོལ་སྲིད་གཙང་ལམ་ལུགས་རྣམ་པ་གསར་པ་གཏོད་པར་སྐུལ་བ་དང་། དབང་ཆ་འདི་ལམ་ལུགས་ཀྱི་རྒྱ་རུ་བཅུག་ནས། ལམ་ལུགས་ཀྱི་སྒྲིག་སྲོལ་མུ་མཐུད་དེ་འཐུས་ཚང་གཏོང་དགོས་ལ། ལམ་ལུགས་མང་ལ་རྙོག་དྲ་མེད་པ། ཕན་ནུས་ལྡན་དུ་འཇུག་དགོས། ལམ་ལུགས་ལག་བསྟར་བྱེད་ཤུགས་ཇེ་མཐོ་བཏང་ནས་ཚོད་འཛིན་དྲག་པོར་བྱ་དགོས། ཁྲིམས་སྲོལ་ལམ་ལུགས་མདུན་དུ་ཚང་མ་འདྲ་མཉམ་དང་ཁྲིམས་སྲོལ་ལམ་ལུགས་བརྩི་སྲུང་ལ་དམིགས་བསལ་དབང་ཆ་མེད་པ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་ལ་ལྟ་སྟངས་གཞན་པ་མེད། ལམ་ལུགས་གཏན་འབེབས་ལ་དབང་གྲགས་ཆེན་པོ་ལྡན་པར་འགན་སྲུང་བྱ་དགོས་ཞེས་གསུངས། འགོ་ཁྲིད་གཙོ་བོས་འགོ་ཁྲིད་ནས་ལམ་ལུགས་ལག་བསྟར་བྱ་དགོས། ཁྲིམས་སྲོལ་ལམ་ལུགས་དྲིལ་བསྒྲགས་སློབ་གསོ་ཇེ་དྲག་ཏུ་བཏང་ནས་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་ཤེས་པ་དང་སྒྲིག་ལམ་རྟོགས་པ། བརྩི་བཀུར་ཤེས་པར་སྣེ་ཁྲིད་བྱ་དགོས། ཏང་དོན་དང་སྲིད་དོན་ཕྱི་གསལ་ནང་གསལ་སྔར་བས་མཐོར་འདེགས་བཏང་ནས་དབང་ཆ་ཀུན་གྱིས་ཤེས་ས་ནས་བེད་སྤྱོད་བྱ་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་རུལ་སུངས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་འཕེལ་རིམ་ཁྲོད་ཀྱི་བཀག་རྒྱ་རེད། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཕམ་མི་རུང་ལ་གཏན་ནས་ཕམ་མི་ཆོག་པའི་འཐབ་རྩོད་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། ང་ཚོའི་ཏང་གིས་བདེ་བླག་ངང་ཏང་ཀྲུང་དབྱང་གི་གཅིག་བསྡུས་འགོ་ཁྲིད་འོག རྩ་ཡན་མཉམ་བཅོས་དང་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པའི་རུལ་སུངས་མི་ཕོད་པ་དང་རུལ་སུངས་མི་ཐུབ་པ། རུལ་སུངས་མི་འདོད་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུ་ཞིག་གཏོད་ཡོད་ལ། བློ་བརྟན་འགྱུར་མེད་ཀྱིས་རྒྱུན་འཁྱོངས་བྱ་དགོས། མིག་སྔར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་གནས་བབ་སྔར་བཞིན་རྙོག་འཛིང་ཆེ་བ་དང་། རུལ་སུངས་ཀྱི་ཁོར་ཡུག་དང་ཆ་རྐྱེན་རྩ་མེད་དུ་གཏོང་བའི་ལས་འགན་སྔར་བཞིན་ལྗིད་མོ་ཡིན། མཐོ་གནོན་གནས་བབ་གཡོ་འགུལ་མི་ཐེབས་པ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་ཡོད་པ་ཙམ་གྱིས་འགོག་པ་དང་རུལ་སུངས་ཡོད་ན་ཆད་གཅོད་ནན་མོ་བྱེད་པ། སྤྱོད་ངན་ཡོད་ཚད་རྩད་གཅོད་བྱས་ཏེ། རུལ་སུངས་མི་སྣ་ལ་གབ་ས་མེད་པ་བྱ་དགོས། རུལ་སུངས་ཀྱི་ཁ་ཕྱོགས་གསར་པ་དང་ཁྱད་ཆོས་གསར་པ་དམ་དུ་འཛིན་ཞིང་། བྱེད་ཐབས་གསར་གཏོད་བཏང་ནས་རུལ་སུངས་ལ་རྒོལ་བའི་འགན་འཁྲི་དོན་འཁྱོལ་ནང་རྐྱེན་འཐུས་ཚང་གཏོང་བ། རིགས་སོ་སོའི་རུལ་སུངས་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ངོས་འཛིན་ཐིག་པོ། ནུས་ལྡན་བཅོས་སྐྱོང་བཅས་བྱས་ནས། རྒྱུན་ཆད་མེད་པར་རུལ་སུངས་ལ་རྒོལ་བའི་དྲག་ཤུགས་མཐོར་འདེགས་གཏོང་དགོས། གཞི་གཅིག་ཅན་གྱིས་གོང་འོག་ཚང་མས་སྔར་བས་འབད་པ་བྱས་ནས། མ་ལག་ལྟ་བ་ཇེ་དྲག་དང་མཉམ་འབྲེལ་རམ་འདེགས་ཇེ་དྲག་བཏང་སྟེ། ཕྱོགས་སོ་སོའི་ལྟ་སྐུལ་འབྲེལ་མཐུད་བྱེད་པ། མ་ལག་ཡོངས་ཀྱི་མཐུན་སྦྱོར་གྱིས་གཞི་གཅིག་ཅན་གྱི་བཅོས་སྐྱོང་སྐུལ་སྤེལ་བྱ་དགོས་ཞེས་ནན་གསུང་གནང་།
ཞི་ཅིན་ཕིང་གིས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཏང་གི་རང་ཉིད་གསར་བརྗེ་དང་ཏང་ནན་མོ་སྐྱོང་བའི་ཁྲོད་ཀྱི་འགན་འཁྲི་གལ་ཆེན་ཡིན་ལ་འོས་འགན་གཟི་བརྗིད་ལྡན། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་དགོས། མུ་མཐུད་དེ་སྒྲིག་བཤེར་ལྟ་ཞིབ་ལས་ཀ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་ཀྱི་འཛུགས་སྐྱོང་ཇེ་དྲག་བཏང་ནས། རྒྱུན་ཆད་མེད་པར་ལྟ་སྐུལ་ཁྲིམས་བསྟར་སྒྲིག་བསྟར་ཕན་ནུས་མཐོར་འདེགས་གཏོང་དགོས། ཆབ་སྲིད་དང་ནུས་པ། ཀུན་སྤྱོད། སྤྱོད་གཙང་བཅས་ཡག་པོ་ལྡན་པའི་བླང་བྱ་ལྟར། ནུས་ཤུགས་ཡོད་རྒུས་བློ་སེམས་དཀར་ཞིང་འགན་ཁུར་བ། འཐབ་རྩོད་ཕོད་པ་དང་མཁས་པའི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་གསོ་སྐྱོང་བྱ་དགོས་ཞེས་བཏོན་པ་རེད།
ལི་ཞི་ཡིས་གྲོས་ཚོགས་གཙོ་སྐྱོང་མཛད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། འདས་པའི་ལོ་གཅིག་རིང་ལ་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་གྲུབ་འབྲས་མངོན་གསལ་ཐོབ་པར་གདེང་འཇོག་ཚད་མཐོ་གནང་ཡོད། གཞི་རྩའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བའི་གནད་འགག་གི་སྐབས་འདིར་དམིགས་ནས། ཚད་གཞི་སྔར་ལས་མཐོན་པོ་དང་བྱེད་ཐབས་སྔར་ལས་བརྟན་པོ་སྤེལ་ནས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་ནས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་ལ་འགན་སྲུང་བརྟན་པོ་མཁོ་འདོན་བྱ་ཆེད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་ཀྱི་ནང་དོན་ཚད་གཞི་མཐོ་བ་དང་མིག་རྒྱང་རིང་བ། བསམ་བློ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་ཡིན་པས། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་རུལ་སུངས་ལ་འགོག་རྒོལ་བྱེད་པའི་རྩ་བའི་སྲུང་བྱ་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱ་དགོས། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་བརྟན་གཏོང་བ། ཡིད་ཆེས་བཞི་ཇེ་དྲག་དང་སྲུང་སྐྱོང་གཉིས་ཡག་པོ་སྒྲུབ་པ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཆབ་སྲིད་ལས་འགན་ལག་བསྟར་ནན་མོ་བྱེད་པ། དུས་ནམ་ཡང་མདུན་དུ་བསྐྱོད་པའི་སྤོབས་པ་དང་ཆོད་སེམས་ལ་བརྟེན་ནས། བློ་བརྟན་འགྱུར་མེད་སྒོས་ཏང་གི་རང་ཉིད་གསར་བརྗེ་དེ་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེར་གཏོང་དགོས་ཞེས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་འབྲེལ་ཡོད་དབུ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེད་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་དབུ་ཁྲིད་བློ་མཐུན་དང་ཀྲུང་དབྱང་དམག་ཨུའི་ཨུ་ཡོན་བཅས་གྲོས་ཚོགས་ནང་ཞུགས།
ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོ། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ནང་ཞུགས། གྲོས་ཚོགས་དེ་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་འཚོགས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྱོང་དཔུང་ཚོགས་དང་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་བ་དང་པོའི་ཚེས་བཅུ་གཉིས་ཉིན་པེ་ཅིན་དུ་འཚོགས་འགོ་བརྩམས། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་། ཚེས་བཅུ་གཉིས་ཉིན་གྱི་ཕྱི་དྲོར་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ཚད་གཞི་སྔར་ལས་མཐོན་པོ་དང་བྱེད་ཐབས་སྔར་ལས་ནན་མོས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་སྟེ། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་ལ་འགན་སྲུང་བརྟན་པོ་མཁོ་འདོན་བྱེད་ཅེས་པའི་ལས་ཀའི་སྙན་ཞུ་ཕུལ།

