ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་12ཉིན་གྱི་སྔ་དྲོ་ཀྲུང་གོ་གུང་ཁྲན་གི་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ཐོག ཚད་གཞི་སྔར་ལས་མཐོ་བ་དང་བྱེད་ཐབས་སྔར་ལས་དངོས་ཀྱི་ཐོག་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྔར་བས་བློ་བརྟན་འགྱུར་མེད་དང་ནུས་ལྡན་ངང་ལག་བསྟར་དོན་འཁྱོལ་བྱེད་པ། སྔར་བས་ཚན་རིག་དང་མཐུན་ཞིང་ནུས་ལྡན་གྱི་སྒོ་ནས་དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པ། སྔར་བས་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་འགན་སྲུང་བརྟན་པོ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་བཅས་ཚོགས་འདུར་ཞུགས་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ལི་ཞི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་རེད།
ཞི་ཅིན་ཕིང་གིས། 2025ལོར། ཏང་ཀྲུང་དབྱང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཆབ་སྲིད་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་དང་ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་ཏུ་བཏང་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་འགན་སྲུང་ནུས་ལྡན་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་བའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་ནས། ཏང་ཡོངས་ཀྱིས་སྔར་ལས་ལྷག་པའི་ངང་སྤྱོད་ཚུལ་བསྒྱུར་བཅོས་དང་སྤྱོད་ཚུལ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་གྱི་རྣམ་པ་རྒྱུན་འཁྱོངས་དང་། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ལ་མཉམ་བཤེར་མཉམ་བཅོས་བྱེད་པར་སྐུལ་འདེད་བཏང་བ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་བཅོས་སྐྱོང་མཐར་ཕྱིན་པ་བྱས་པ། རུལ་སུངས་འབྱུང་བའི་རྒྱུ་དང་རྐྱེན་མེད་པར་བཟོ་རྒྱུར་ཤུགས་བརྒྱབ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་བྱེད་པའི་རྩ་བའི་བླང་བྱ་ཡིན་ལ། ཏང་དང་མི་དམངས་ཀྱི་བྱ་གཞག་རྒྱུན་ཆད་མེད་པར་གོང་འཕེལ་དང་ཡར་རྒྱས་ཡོང་བའི་ལོ་རྒྱུས་ཀྱི་ཉམས་མྱོང་གལ་ཆེན་ཞིག་ཀྱང་ཡིན། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་ཤུགས་རྒྱག་པའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་ལོ་རྒྱུས་ཀྱི་ལས་འགན་འཁུར་སེམས་ཆེ་རུ་གཏོང་དགོས་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་དགོས། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད། གོང་འཕེལ་གྱི་རྣམ་པ་གསར་པ་མགྱོགས་མྱུར་འཛུགས་སྐྱོང་བཅས་ལ་དམ་པོར་དམིགས་ཐོག དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་དང་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་པོ་འཛུགས་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད། མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག དབུལ་ལོག་དང་དབུལ་པོར་འགྱུར་རྒྱུར་རྒྱུན་རྣམ་ཅན་གྱི་སྔོན་འགོག་བྱེད་པ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་སེལ་བ། འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ་སོགས་ཀྱི་ལས་འགན་གྱི་བླང་བྱར་གཞིགས་ཏེ། ཞིབ་ཕྲ་ཅན་དང་། གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ཀྱི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ་དང་། སྐོར་ཞིབ་གྲུབ་འབྲས་བེད་སྤྱོད་ཡག་པོ་དང་བཅོས་སྒྲིག་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱ་དགོས། ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་ཐབས་ཤེས་དང་ཐབས་ལམ་ནུས་ལྡན་འཚོལ་ཞིབ་ནན་ཏན་བྱ་དགོས། ད་ལོ་ས་གནས་ཀྱི་སྐབས་བརྗེ་འགོ་འཛུགས་རྒྱུ་ཡིན་པས། དངོས་གནས་དྲང་གནས་ཀྱི་གཞུང་དྲང་བློས་ཐུབ་དང་། ཁ་ཞེ་གཉིས་མེད། འགན་འཁྲི་འཁུར་ཐུབ་པ་བཅས་ཀྱི་ལས་བྱེད་པ་བཟང་པོ་བཀོལ་སྤྱོད་བྱ་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་རང་ངོས་གསར་བརྗེ་དེ་གཙོ་བོ་དབང་ཆ་བཅོས་སྒྲིག་ལ་ཐུག་ཡོད་པ་དང་། དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་རྗེས། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་གཏན་འབེབས་ལག་བསྟར་བྱེད་འགོ་ཚུགས་ནས་གནད་དོན་ཐག་གཅོད་དང་། སྒྲིག་སྲོལ་ནན་པོ་དང་གཅུན་སྡོམ་ནན་པོ་བཟོས་ཏེ། ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པར། ལམ་ལུགས་ཀྱི་གཏན་འབེབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། ལམ་ལུགས་ཚགས་དམ་ཞིང་རྙོག་འཛིང་མེད་པ་དང་ནུས་ལྡན་གོ་ཆོད་ཡིན་དགོས་པ་མ་ཟད། ལམ་ལུགས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། འགྱུར་མེད་ཀྱི་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་སྲོལ་ལམ་ལུགས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་དང་། ཁྲིམས་སྲོལ་ལམ་ལུགས་ལ་བརྩི་སྲུང་ཞུ་བར་དམིགས་བསལ་དབང་ཆ་མེད་པ། ཁྲིམས་སྲོལ་ལམ་ལུགས་ལག་ལེན་བསྟར་བར་དམིགས་བསལ་མེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ལམ་ལུགས་ཀྱི་གཏན་འབེབས་དེ་དངོས་གནས་གློག་ཡོད་པའི་མཐོ་གནོན་གློག་སྐུད་ལ་འགྱུར་བར་འགན་ལེན་བྱ་དགོས། “འགོ་ཁྲིད་པ་ཨང་དང་པོས”སྣེ་ཁྲིད་དེ་ལམ་ལུགས་ལག་བསྟར་བྱ་དགོས། ཁྲིམས་སྲོལ་ལམ་ལུགས་དང་དྲིལ་བསྒྲགས་སློབ་གསོའི་ཐད་ཤུགས་སྣོན་རྒྱག་པ་དང་། ཏང་ཡོན་དང་ལས་བྱེད་པས་ཁྲིམས་སྲོལ་ཤེས་པ་དང་སྒྲིག་སྲོལ་རྟོགས་པ། གུས་སྐྲག་ཤེས་པ་བཅས་ལ་ཁྲིད་སྟོན་བྱ་དགོས། ཏང་དོན་དང་སྲིད་དོན་གྱི་ཁ་གསལ་ཚད་སྔར་བས་ཆེ་རུ་བཏང་ནས། དབང་ཆ་ཡོངས་བསྒྲགས་ངང་འཁོར་སྐྱོད་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རུལ་སུངས་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་འགལ་རྐྱེན་དང་བཀག་རྡོ་ལྟ་བུ་ཡིན་པས། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི་ཕམ་མི་ཉན་ལ་གཏན་ནས་ཕམ་མི་རུང་བའི་འཐབ་རྩོད་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག རྩ་ལག་མཉམ་བཅོས་དང་། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རུལ་རྒོལ་ལམ་བུའི་ཐོག་ལེགས་གྲུབ་ལྡན་པའི་ངང་བསྐྱོད་ཡོད་པས། དེའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས། མིག་སྔར། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་། རུལ་སུངས་འབྱུང་བའི་རྒྱུ་དང་རྐྱེན་མེད་པ་བཟོ་བའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེན་པོ་ཡོད་པས། མཐོ་གནོན་གྱི་རྣམ་པར་གཡོ་འགུལ་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རུལ་སུངས་བྱེད་མཁན་ཡོད་ན་ངོ་རྒོལ་བྱེད་ངེས་དང་། ལྐོག་ཟ་བྱེད་མཁན་ཡོད་ན་ཐག་གཅོད་ནན་པོ་བྱེད་ངེས། ངན་རིགས་ཤུལ་མེད་བཟོ་ངེས་བཅས་ཀྱི་ཐོག་ནས་རུལ་སུངས་པར་གབ་སྡོད་བྱེད་ས་མེད་པ་བཟོ་དགོས། རུལ་སུངས་ཀྱི་འཕེལ་ཕྱོགས་གསར་པ་དང་ཁྱད་ཆོས་གསར་པ་ཁོང་དུ་ཆུད་པར་བྱས་ཐོག བྱེད་ཐབས་དང་བྱེད་སྟངས་གསར་གཏོད་བྱེད་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགན་འཁྲི་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རུལ་སུངས་ཀྱི་གནད་དོན་སྣ་ཚོགས་དུས་ཐོག་ཏུ་ཤེས་རྟོགས་དང་། ངོས་འཛིན་ཡང་དག བཅོས་སྒྲིག་ནུས་ལྡན་བཅས་བྱས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྟོལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་སྔར་ལས་ཆེ་བ་བྱས་ཏེ། མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མཉམ་འགུལ་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། ཕྱོགས་ཁག་གི་ལྟ་སྐུལ་སྦྲེལ་མཐུད་བཅས་བྱས་ཏེ། འབྲེལ་ཐག་ཡོངས་ཀྱི་རོགས་ལས་ལ་བརྟེན་ནས་གཞི་གཅིག་ཅན་གྱི་བཅོས་སྒྲིག་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། སྒྲིག་བཤེར་དང་ལྟ་ཞིབ་ལས་ཁུངས་ལ་ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཁྲོད་འགན་འཁྲི་ཆེན་པོ་དང་ལས་འགན་གཟི་བརྗིད་ལྡན་པ་ཡོད་པས། ཏང་གི་མཐུན་སྒྲིལ་གཅིག་གྱུར་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་པ་དང་། སྒྲིག་བཤེར་དང་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན། ཚད་གཞི་ཅན་བཅས་སུ་འཛུགས་སྐྱོང་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། ལྟ་སྐུལ་དང་སྒྲིག་བསྟར་ཁྲིམས་བསྟར་གྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཤིང་། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ། སྤྱོད་གཙང་གཞུང་དྲང་བཅས་ཀྱི་བླང་བྱ་གཞིར་བཟུང་། ལྷག་བསམ་དཀར་ཞིང་གཞུང་དྲང་བ་དང་། འགན་ཁུར་བ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དམག་ཧྲག་ཅིག་ཧུར་ཐག་གིས་གཏོད་དགོས་ཞེས་བསྟན་གནང་ཡོད།
ལི་ཞི་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། འདས་ཟིན་པའི་ལོ་གཅིག་རིང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་ཐད་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་དུས་སྐབས་ལ་དམིགས་ཐོག ཚད་གཞི་སྔར་བས་མཐོ་བ་དང་བྱ་ཐབས་སྔར་བས་དངོས་ཀྱི་ཐོག་ནས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་འགན་སྲུང་བརྟན་པོ་བྱ་རྒྱུའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད། གསུང་བཤད་ནི་ཆུ་ཚད་མཐོ་ཞིང་གཟིངས་རྒྱང་རིང་བ་དང་། དགོངས་དོན་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་རྩ་བའི་བརྩི་སྲུང་ཞུ་ས་མཁོ་འདོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི་”ཆེ་རུ་གཏོང་བ། “བློ་སྤོབས་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། ནམ་ཡང་ལམ་དུ་ཡོད་པའི་སྙིང་རུས་ཆེན་པོ་དང་འགྱུར་མེད་ཆོད་སེམས་ལ་བརྟེན་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་རང་ངོས་གསར་བརྗེ་དེ་ཉིད་རྒྱ་ཆེ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། དེ་བཞིན་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་བཅས་གྲོས་ཚོགས་ལ་ཞུགས་ཡོད།
ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཨུ་ཡོན་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཚན་པ་ཁག་དང་མི་དམངས་ཚོགས་པ་ཁག དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་གྲོས་ཚོགས་ལ་ཞུགས་ཡོད། གྲོས་ཚོགས་ནི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་སྐོང་འཚོགས་བྱས་ཤིང་། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ། དེ་བཞིན་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་བཅས་ལ་ཡན་ལག་ཚོགས་ར་བཙུགས་ཡོད།
ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ཟླ་1ཚེས་12ཉིན་པེ་ཅིང་དུ་འགོ་ཚུགས་པ་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་གཙོ་སྐྱོང་བྱས་ཡོད། ཚེས་12ཉིན་གྱི་ཕྱི་དྲོ་ལི་ཞི་ཡིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ཏེ་ཁ་བྱང་དུ་《ཚད་གཞི་སྔར་བས་མཐོ་བ་དང་བྱ་ཐབས་སྔར་བས་དངོས་ཀྱི་ཐོག་ནས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་ཡོང་བ་བྱེད་པར་འགན་སྲུང་བརྟན་པོ་བྱེད་དགོས་》ཞེས་འཁོད་པའི་ལས་དོན་སྙན་ཞུ་གནང་ཡོད།༼ཡིག་སྒྱུར། གཡུ་སྒྲོན། མཚམས་གཅོད།༽
