ཞིང་ལས་གོང་འཕེལ་ཐད་ད་ལོ་བཀོད་སྒྲིག་འདི་ལྟར་བྱས་འདུག

གསར་འགོད་པར་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོ་རང་རྒྱལ་གྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད།
ད་ལོ་རང་རྒྱལ་གྱིས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་། སྤུས་ཚད་དང་ཕན་འབྲས་མཐོར་གཏོང་ལ་ཤུགས་སྣོན་བརྒྱབ་ནས། འབྲུ་སྣུམ་དང་ལོ་ཏོག་གི་གཞི་ཁྱོན་ཆེ་བའི་མུའུ་རེའི་ཐོན་ཚད་དེ་བས་མང་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་པོས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་ལས་ཀྱི་གནོད་འགོག་གནོད་སེལ་དང་། གེགས་སྐྱོབ་ཀྱི་ནུས་པ་གང་མགྱོགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ་རེད། རྒྱལ་ཁབ་ཀྱི་སྲན་ཆེན་དང་སྣུམ་རྒྱུའི་ཐོན་ནུས་ཆེ་རུ་གཏོང་བའི་ལས་གྲྭ་ལག་ལེན་གཏིང་ཟབ་བསྟར་བ་དང་། སྣུམ་མང་མཉམ་སྤྱོད་ཀྱིས་སྲན་ཆེན་སྣུམ་རྒྱུའི་ཐོན་ནུས་དང་རང་མཁོ་རང་སྤྲོད་བྱེད་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། ཞིང་ལས་དེང་རབས་ཅན་གྱི་སྒྲིག་བཀོད་ལེགས་གཏོང་གི་བྱ་སྤྱོད་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་བཟའ་བཅའ་ཐོན་སྐྱེད་ཀྱི་བར་སྟོང་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

ཞིང་ལས་དང་གྲོང་གསེབ་པུའི་གོང་འཕེལ་འཆར་འགོད་སིའི་སི་ཀྲང་ཁྲེན་པང་ཤུན་གྱིས། ཞིང་ལས་དང་གྲོང་གསེབ་པུའུ་ཡིས་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བཞག་ནས། ནུས་ཤུགས་ཡོད་རྒུས་འབྲུ་རིགས་དང་ཞིང་ལས་ཐོན་རྫས་གལ་ཆེན་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་བྱེད་ཀྱི་ཡོད་ཅིང་། རེས་སྐོར་གསར་པའི་འབྲུ་རིགས་ཐོན་ནུས་རྒྱ་མ་དུང་ཕྱུར་སྟོང་ཕྲག་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་ལེན་གང་ལེགས་བསྟར་ཏེ། འབྲུ་རིགས་ཐོན་སྐྱེད་ཀྱི་ཏང་སྲིད་འགན་འཁྲི་གཅིག་མཚུངས་ལ་དམ་འཛིན་ནན་པོ་བྱས་ཐོག །རྒྱ་ཁྱོན་བརྟན་པོ་དང་གྲུབ་ཆ་ལེགས་འགྱུར། མུའུ་རེའི་ཐོན་འབོར་མང་དུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
ད་ལོ་དབུལ་སྒྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་རྒྱུན་རྣམ་ཅན་གྱི་གནད་འཕིགས་རོགས་སྐྱོར་གྱི་དུས་མཚམས་ལ་འགྱུར་བར་བྱ་རྒྱུ་རེད། རང་རྒྱལ་གྱིས་དབུལ་ལོག་ཐེབས་རིགས་དང་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་ལམ་སྲོལ་གཅིག་གྱུར་འཆར་འགོད་ཀྱིས་འཛུགས་པ་དང་། བར་བརྒལ་དུས་མཚམས་རྗེས་ཀྱི་རོགས་སྐྱོར་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གནད་འཕིགས་རོགས་སྐྱོར་བྱ་ཐབས་ཁག་རིགས་དབྱེ་དོན་འཁྱོལ་བྱེད་པ་དང་། རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོར་གཏོང་ལ་སྐུལ་འདེད་གཏོང་བ། ལས་ཞུགས་རོགས་སྐྱོར་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས་སྒྲིག་སྲོལ་རང་བཞིན་གྱི་དབུལ་ལོག་ཐེབས་རིགས་དང་དབུལ་པོར་མི་འགྱུར་བར་འགན་ལེན་བྱ་རྒྱུ་ཡིན་པ་རེད།
དེ་དང་ཆབས་ཅིག་གྲོང་གསེབ་ཏུ་གཞི་རྩའི་ཆ་ནས་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་འཛོམས་པར་དམིགས་ནས། གནས་སྡོད་དང་འཚམ་ཞིང་ལས་ཞུགས་དང་འཚམ་པའི་ཞི་མཐུན་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་པའི་དུས་ཚོད་འཐིམས་རྗེས་སླར་ཡང་ལོ་30ནར་འགྱངས་བྱེད་པའི་ཞིང་ཆེན་ཧྲིལ་པོའི་ཚོད་ལྟ་ཁྱོན་ཡོངས་ནས་བྱས་ཏེ། ཞིང་ལས་དང་གྲོང་གསེབ་གོང་འཕེལ་གྱི་གསོན་ཤུགས་སྔར་བས་རྒྱས་པར་བྱ་དགོས།༼ཡིག་སྒྱུར། བདེ་གཡང་།༽
