ས་ཡོམ་བརྒྱབ་ནས་ལོ་གཅིག་སོང་རྗེས་ཀྱི་དེ་རིང་། ང་ཚོ་དིང་རིར་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
གསར་འགོད་པ། པ་སངས་ལྷ་མོ། ཚེ་བརྟན་དབང་ཕྱུག
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡ ཚེས་ ༨

2025ལོའི་ཟླ་1ཚེས་7ཉིན། བོད་ལྗོངས་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་པ་དང་། དིང་རི་དང་། ལྷ་རྩེ། གཏིང་སྐྱེས། ས་སྐྱ་སོགས་རྫོང་7ལ་ས་ཡོམ་གྱི་གནོད་འཚེ་ཕོག་ནས། མང་ཚོགས་ཀྱི་ཁང་པ་འབོར་ཆེན་རྡིབ་པའམ་ཞིག་སྐྱོན་བྱུང་ཡོད། ས་ཡོམ་བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་སྟེ། ནུས་ཤུགས་ཡོད་རྒུས་མི་སྣ་འཚོལ་སྐྱོབ་དང་རྨས་མ་སྐྱོབ་བཅོས་བྱས་ཏེ། མི་སྣ་འཆི་རྨས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས་པ་དང་། ཞོར་ཐོན་གནོད་འཚེ་མི་ཐོན་པར་བྱེད་དགོས་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱེད་དགོས་པ། རྗེས་འཇུག་ལས་དོན་ཡག་པོ་བསྒྲུབ་དགོས་པ་བཅས་ཀྱི་བླང་བྱ་བཏོན་གནང་ཡོད། དེའི་རྗེས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དིང་རི་རྫོང་གི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད།

ས་ཡོམ་གནོད་འཚེ་ཕོག་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། དུས་ཚོད་དམ་འཛིན་གྱིས་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་ཚ་རླབས་ཤིག་ས་མཐོར་འཕྱུར་འགོ་ཚུགས་ཡོད། ཟླ་3ཚེས་3ཉིན་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་འགོ་ཚུགས་པ་དང་། ཟླ་6པའི་ཟླ་སྟོད་དུ་བསྐྱར་སྐྲུན་ལས་འགོ་ཁྱོན་ཡོངས་ནས་འགོ་ཚུགས་པ། ཟླ་10པའི་ཟླ་མཇུག་ཏུ་བསྐྱར་སྐྲུན་དང་ཉམས་བཟོ་བརྟན་གཏོང་གི་ལས་འགན་ལེགས་གྲུབ་བྱུང་ནས་ཁང་པ་གསར་པ་མང་ཚོགས་ལ་རྩིས་སྤྲད་པ། མང་ཚོགས་ཐེམ་དུད་ཁྲི་2.2ལྷག་གི་ཁང་པ་བསྐྱར་སྐྲུན་བྱས་པ། ཐེམ་དུད་ཁྲི་1.05ལྷག་གི་ཁང་པ་ཉམས་བཟོ་བརྟན་གཏོང་བྱས་པ། དེ་ལྟར་གོང་འོག་ཕྱོགས་ཀུན་ནས་མཉམ་དུ་འབད་བརྩོན་བྱས་པའི་འོག གནོད་འཚེ་ཕོག་པའི་ལོ་དེ་རང་ལ་སླར་གསོ་བསྐྱར་སྐྲུན་ཟིན་ནས་མང་ཚོགས་རྣམས་ཁང་པ་གསར་པའི་ནང་སྤོ་ཐུབ་པའི་ངོ་མཚར་བཏོད་ཡོད་པ་རེད།༼གསར་འགོད་པ། པ་སངས་ལྷ་མོ། ཚེ་བརྟན་དབང་ཕྱུག༽

དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོ།

གསར་འགོད་པས་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ངག་དབང་ཆོས་འཛོམས་ལ་བཅར་འདྲི་ཞུ་བ།

གསར་འགོད་པས་དིང་རི་རྫོང་ཆུ་ལྷོ་ཤང་མཚོ་སྔ་གྲོང་ཚོའི་གྲོང་མི་དབང་རྒྱལ་ལ་བཅར་འདྲི་ཞུ་བ།