“བརྒྱུད་འདེགས་ཁྲིད་གསུམ”གྱི་ལས་དོན་སྤེལ་ནས་སྲོལ་རྒྱུན་གསོ་རིག་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།
བཀྲ་ཤིས་ལྷ་མོ།
སྤེལ་དུས།: ༢༠༢༦ ལོའི་ཟླ་ ༡ ཚེས་ ༨

ཉེ་ཆར། ནེ་ཅང་གྲོང་ཁྱེར་ཀྲུང་ལུགས་གསོ་རིག་སྨན་ཁང་(ཁྲེང་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་ལ་གཏོགས་པའི་ནེ་ཅང་སྨན་ཁང་)གི་འབྲེལ་ཡོད་འགན་འཁུར་པ་རྣམས་མཛོད་དགེ་རྫོང་གསོ་རིག་ཐུན་མོང་སྒྲིག་གཞི་སྤྱི་ཁྱབ་སྨན་ཁང་བོད་སྨན་ཁང་གི་ཡན་ལག་སྨན་ཁང་དུ་འབྱོར་ནས “བརྒྱུད་འདེགས་ཁྲིད་གསུམ”གྱི་ལས་དོན་ཟབ་སྤེལ་ཐད་བཞུགས་མོལ་ཚོགས་འདུ་འཚོགས།

ཚོགས་འདུའི་ཐོག་ཕྱོགས་གཉིས་པོས་རོགས་འདེགས་སྨན་པའི་ལས་དོན་སྤེལ་ཚུལ་དང་འཚོ་བའི་འགན་སྲུང་ཐད་ཀྱི་དགོས་མཁོ་དང་གྲོས་འགོ་ལ་ཉན་པར་མ་ཟད་ཡུལ་དངོས་ནས་དགེ་སློབ་བསྒྲིགས་ཤིང་། 2026ལོར་རོགས་འདེགས་ལས་དོན་གནད་ལ་འཁེལ་བའི་སྒོ་ནས་སྤེལ་བར་རྨང་གཞི་བརྟན་པོ་བཏིང་།

ཚོགས་འདུར་བསྟན་དོན། “བརྒྱུད་འདེགས་ཁྲིད་གསུམ”གྱི་ལས་དོན་སྤེལ་ཐེངས་དེ་ནི་སྨན་ཁང་གཉིས་ཀྱི་བརྩེ་ཞེན་ཇེ་ཟབ་དང་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ཐེངས་གསར་པའི་འགོ་ཚུགས་ས་ཡང་ཡིན། མཛོད་དགེ་རྫོང་བོད་སྨན་ཁང་གིས་བོད་ཀྱི་གསོ་རིག་རིག་གནས་ཀྱི་ས་རྒྱུ་གཤིན་པོར་མཐོ་སྒང་མང་ཚོགས་ཀྱི་ལུས་ཁམས་བདེ་ཐང་སྲུང་སྐྱོང་བྱེད་པའི་ལས་འགན་ཕྲག་ཏུ་བླངས་ཡོད། ད་ལྟའི་དུས་རིམ་འདིར་དེང་རབས་གསོ་རིག་གི་སྔོན་ཐོན་འདུ་ཤེས་དང་ལག་རྩལ་བསྡུ་ལེན་བྱས་ནས། སྨན་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ། རོགས་སྐྱོར་གྱི་ཕན་འབྲས་དེ་ནད་པར་ཞབས་འདེགས་ཞུ་བའི་སྒུལ་ཤུགས་སུ་བསྒྱུར་དགོས་ལ། ཕྱོགས་གཉིས་པོས་བཞུགས་མོལ་ཚོགས་འདུ་འདིའི་གོ་སྐབས་དམ་འཛིན་གྱིས་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། སྲོལ་རྒྱུན་གསོ་རིག་རྒྱུན་འཛིན་དར་སྤེལ་ལ་ལག་གདང་སྦྲེལ་ནས་བདེ་ཐང་མཛོད་དགེ་འཛུགས་སྐྲུན་ལ་སྒུལ་ཤུགས་བསྩལ་དགོས་པ་བསྟན།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽