ཞི་ཅིན་ཕིང་གིས་ལི་ཙའེ་མིང་དང་མཇལ་མོལ་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་5ཉིན་གྱི་ཕྱི་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་དང་མཇལ་མོལ་གནང་བ་རེད།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་5ཉིན་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་མཛད་སྒོ་གཉེར་ཏེ། ལྷོ་ཁོ་རེ་ཡའི་ཙུང་ཐུང་ལི་ཙའེ་མིང་ནས་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུས་ཡོད།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་ཐེངས་21བརྒྱབ་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས་ཡོད།
ལི་ཙའེ་མིང་ལ་ཀྲུང་གོར་འཚམས་འདྲིར་ཕེབས་རོགས་ཞུ་མཁན་གྲས་སུ་ཙུང་ཐུང་གི་སྐུ་ཟླ་དང་། ཙུང་ལི་གཞོན་པ་དང་ནོར་སྲིད་དཔལ་འབྱོར་པུའུ་ཡི་འགོ་འཛིན་གཅིག་ལྕོགས། ཕྱི་འབྲེལ་པུའུ་ཡི་འགོ་འཛིན་སོགས་ཡོད་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཕྱི་ཕྱོགས་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་ཝང་དབྱི་སོགས་ཞུགས་ཡོད།
དམག་དཔུང་རོལ་ཆ་ཚོགས་པས་ལྷོ་ཁོ་རེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་གཏོང་བྱས་ཡོད།
ལི་ཙའེ་མིང་ནས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད།
རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་ཐོག་ཕེབས་ནས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་རུ་སྟར་ལ་གཟིགས་གནང་ཡོད།
ལི་ཙའེ་མིང་ནི་ཞི་ཅིན་ཕིང་གི་གདན་ཞུས་ལྟར་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་ཞིག་རེད།
དགའ་བསུ་ཞུ་བའི་མཛད་སྒོ་གཉེར་རྗེས། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ལི་ཙའེ་མིང་ནས་མཇལ་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས། པེ་ཅིང་དུ་ཙུང་ཐུང་སྐུ་ཞབས་ལི་ཙའེ་མིང་དང་ཐུག་འཕྲད་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཁྱེད་རང་ནས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། ལོ་གསར་པ་ཤར་བའི་མཚམས་འདིར། ཁྱེད་རང་དང་ལྷོ་ཁོ་རེ་ཡའི་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུ་རྒྱུ་ཡིན། གྲོགས་པོ་ཇི་ཙམ་གཤིབས་ན་དེ་ཙམ་གྱིས་མཛའ་བཤེས་ཟབ་ཏུ་འགྲོ་བ་དང་། ཁྱིམ་མཚེས་ཇི་ཙམ་འགྲོགས་ན་དེ་ཙམ་གྱིས་བར་ཐག་ཉེ་རུ་འགྲོ་ཡི་ཡོད། གྲོགས་པོ་དང་ཁྱིམ་མཚེས་ཡིན་པའི་ངོས་ནས། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་གཉིས་ཀྱིས་འགྲོ་འོང་མང་ཙམ་དང་། སྤེལ་རེས་མང་ཙམ། འབྲེལ་གཏུག་ཧུར་ཐག་བཅས་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བ་དེ་ཉེ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་ཐོག་འཇོག་གི་ཡོད་པ་དང་། ལྷོ་ཁོ་རེ་ཡར་འཛིན་པའི་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཁོ་རེ་ཡ་ཕྱོགས་དང་ལྷན་དུ། མཛའ་མཐུན་མཉམ་ལས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡག་པོ་དང་། གཉིས་ཕན་མཉམ་རྒྱལ་གྱི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཐོག ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐྱོན་བྲལ་གྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་ཏན་ཏིག་གཏོང་བ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་གོང་འཕེལ་ལ་དྲང་ནུས་སྣོན་འདོད་ཡོད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་པོས་དུས་ཡུན་རིང་པོར་“འཆམ་མཐུན་གཙིགས་སུ་འཛིན་པ་”དང་། “བསྟུན་ཀྱང་གཅིག་མཚུངས་མི་བྱེད་”གཉིས་རྒྱུན་འཁྱོངས་བྱས་པས། སྤྱི་ཚོགས་ཀྱི་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱད་པར་ལས་བརྒལ་ཏེ་ཕན་ཚུན་ཕན་པ་འདོགས་རེས་དང་ཐུན་མོང་གོང་འཕེལ་བྱུང་ཡོད། ཕྱོགས་གཉིས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་འདི་རྒྱུན་འཛིན་ཡག་པོ་བྱས་ཏེ། ཕན་ཚུན་བར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བ་དང་། རང་སོ་སོས་བདམས་པའི་གོང་འཕེལ་གྱི་ལམ་བུར་བརྩི་འཇོག ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་གཞི་གལ་ཆེན་ལ་ལྟ་རྟོག སྤེལ་རེས་གྲོས་མོལ་བརྒྱུད་འགལ་ཟླ་ཐག་གཅོད་འོས་འཚམ་བཅས་བྱེད་དགོས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི་གྲོས་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། འབྱུང་འགྱུར་ལོ་5ཡི་རིང་གི་ཀྲུང་གོའི་གོང་འཕེལ་ལ་འཆར་འགོད་བྱས་ཡོད་ལ། འཛམ་གླིང་རྒྱལ་ཁབ་ཁག་ལ་ཡང་གོ་སྐབས་མང་པོ་བསྐྲུན་ཡོད། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་དཔལ་འབྱོར་འབྲེལ་བ་ཚགས་དམ་ཞིང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་ཕན་ཚུན་སྣོལ་འདྲེས་སུ་གནས་པ། མཉམ་ལས་ཀྱིས་གཉིས་ཕན་མཉམ་རྒྱལ་ཡོང་གི་ཡོད་པས། གོང་འཕེལ་གྱི་འཐབ་ཇུས་སྦྲེལ་མཐུད་དང་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཐུན་མོང་གི་ཁེ་ཕན་མང་ཙམ་བསྐྲུན་པ། མི་ཐབས་རིག་ནུས་དང་སྦགས་མེད་ཐོན་ལས། རྒན་རྒོན་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་སུ་མཉམ་ལས་གྲུབ་འབྲས་མང་ཙམ་གཏོད་དགོས། ཕྱོགས་གཉིས་པོས་མི་སྣ་འགྲོ་འོང་ལ་ཤུགས་སྣོན་བརྒྱབ་ནས། གཞོན་ནུ་ལོ་ཆུང་དང་། སྨྱན་སྦྱོར། ལུས་རྩལ། རིག་མཛོད། ས་གནས་སོགས་ཀྱི་འགྲོ་འོང་བྱས་ཏེ། དྲང་ཕྱོགས་ཀྱི་སྐད་ཆ་ཤོད་སྟངས་དེ་དམངས་འདོད་ཀྱི་གཙོ་རྒྱུན་དུ་འགྱུར་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔའི་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་དུས་བབ་སྔར་བས་འགྱུར་ལྡོག་དང་ཟང་ཟིང་ཆེ་རུ་འགྲོ་བཞིན་ཡོད། ཀྲུང་གོ་དང་ལྷོ་ཁོ་རེ་ཡས་ས་ཁུལ་གྱི་ཞི་བདེར་སྲུང་སྐྱོང་དང་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་ཡོད་པ་དང་། རྒྱ་ཁྱབ་ཀྱི་ཁེ་ཕན་འབྲེལ་བ་ཡོད་པས། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ཀྱིས་ལངས་ནས་ཡང་དག་པའི་འཐབ་ཇུས་གདམ་ག་བྱ་དགོས། ལོ་80ལྷག་ཙམ་གོང་། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་ཀྱིས་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ཏེ། ལྗར་པན་དམག་རྒྱལ་རིང་ལུགས་ལ་འགོག་རྒོལ་བྱེད་པའི་རྒྱལ་ཁ་བླངས་ཡོད། དེང་གི་དུས་སུ་དེ་བས་ལག་གདང་སྦྲེལ་ནས་འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོང་དང་ཨ་ཤེ་ཡ་བྱང་ཤར་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཕན་པ་ཐོབ་མཁན་ཡིན་པའི་ཆ་ནས། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་གཉིས་ཀྱིས་ཐུན་མོང་ཐོག་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་བསྟན་གནང་ཡོད།
ལི་ཙའེ་མིང་གིས་ཀྲུང་གོའི་མི་དམངས་ལ་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་ཞུས་ཡོད། ལི་ཙའེ་མིང་གིས། ལྷོ་ཁོ་རེ་ཡ་དང་ཀྲུང་གོ་ནི་ཁྱིམ་མཚེས་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ལྷོ་ཁོ་རེ་ཡ་དང་ཀྲུང་གོས་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ཐུན་མོང་ཐོག་འགོག་རྒོལ་བྱས་མྱོང་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་གནས་པའི་ལྷོ་ཁོ་རེ་ཡའི་རང་བཙན་ལས་འགུལ་གྱི་གནས་ཡུལ་རྙིང་པར་སྲུང་སྐྱོང་བྱེད་པར་ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན། མཉམ་ལས་ཀྱི་འབྲེལ་བ་དམ་ཟབ་བཙུགས་ཤིང་། གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ལོ་གསར་པའི་གཙོ་བདག་ཕྱི་འབྲེལ་ཐེངས་དང་པོ་གོ་སྐབས་སུ་བྱས་ནས། ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བ་ཁྱོན་ཡོངས་ནས་སླར་གསོ་དང་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ཏེ། ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། ཐུན་མོང་ཐོག་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་གཏོད་འདོད་ཡོད། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་གཞི་གལ་ཆེན་ལ་བརྩི་འཇོག་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་ཀྱི་ཡོད། ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་ཀྱི་ཡོད་པས། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པས་བསྐྲུན་པའི་གོ་སྐབས་དམ་འཛིན་བྱས་ནས། རྒྱལ་ཁབ་གཉིས་པོའི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་ཀྱིས་རྒྱལ་དམངས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་ནས། བསམ་ཤེས་དང་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་དགོས། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། འཛམ་གླིང་དར་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་འབུལ་འདོད་ཡོད། ཀྲུང་གོས་ད་ལོའི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་གཙོ་གཉེར་བྱ་རྒྱུ་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།
མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཚན་རྩལ་གསར་གཏོད་དང་། འབྱུང་ཁམས་ཁོར་ཡུག འགྲིམ་འགྲུལ་སྐྱེལ་འདྲེན། དཔལ་འབྱོར་ཉོ་ཚོང་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་15ལ་མིང་རྟགས་བཀོད་པར་ཐུན་མོང་ཐོག་བདེན་དཔང་གནང་ཡོད།
ཚེས་5ཉིན་དགོང་མོ། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ནས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ལི་ཙའེ་མིང་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་ཡོད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད།༼ཡིག་སྒྱུར། གཡུ་སྒྲོན། རིན་ཆེན་དབང་འདུས།༽
